ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2023.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན།   ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།   ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ནས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།    ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་དང་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་གསར་དུ་ཞུགས་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན།   ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་འཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།    གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པར་རྒྱུས་ལོན་ཡང་དག་བྱེད་པ་དང་།       ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཡིན་པར་རྒྱུས་ལོན་ཡང་དག་བྱེད་པ།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་ཡངས་ཤིང་ཆེ་བའི་བགྲོད་ལམ་ཡིན་པར་རྒྱུས་ལོན་ཡང་དག་བྱེད་པ།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་དཔལ་ཡོན་གྱི་རྣམ་པ་གསར་པ་བསྐྲུན་པར་རྒྱུས་ལོན་ཡང་དག་བྱེད་པ།     ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ན་འབྲེལ་བ་གལ་ཆེན་རབ་དང་རིམ་པ་ཐག་གཅོད་བཟང་བོ་བྱེད་དགོས་པར་རྒྱུས་ལོན་ཡང་དག་བྱེད་པ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་རླབས་ཆེན་འཐབ་རྩོད་སྤེལ་དགོས་པར་རྒྱུས་ལོན་ཡང་དག་བྱེད་པ།    སྐྱོད་ལམ་གསར་པའི་སྟེང་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་།    འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ།   ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནམ་ཡང་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་བསྐྱོད་པར་འགན་སྲུང་བྱེད་དགོས།    མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ།   ཐུན་མོང་ཕྱུག་འགྱུར་མངོན་འགྱུར་བྱེད་པ།   བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བར་མུ་མཐུད་དུ་ཤུགས་སྣོན་པ།   སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས།   ཐོན་ཁུངས་ནུས་ཁུངས་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་གལ་ཆེན་ལེགས་པོར་ཁུར་བ།  འབད་འབུངས་ཡར་བརྩོན་གྱིས་བྱ་བ་སོ་སོའི་མགོ་ལེགས་པར་རྩོམ་རྒྱུ་དམ་འཛིན་བྱེད་པ།    དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་ཕན་ནུས་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་གཉིས་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།       གྲོས་ཚོགས་སྟེང་གནད་དོན་ཁྲིད་ཕྱོགས་དང་མ་ལག་འདུ་ཤེས་རྒྱུན་འཁྱོངས་དང་།   དགེ་མཚན་འདོན་སྤེལ་དང་མི་འདང་ས་ཁ་གསབ། ཉམ་ཞན་སར་ཤུགས་བསྣན་ཏེ་འཕེལ་རྒྱས་ཀྱི་རྣམ་པར་གསར་པའི་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་དགོས།    ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ་ལུགས་མཐུན་ངང་རྨང་གཞིའི་སྒྲིག་ཆས་གསར་པའི་འཛུགས་སྐྲུན་སྔོན་ལ་བཀོད་སྒྲིག་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་དགོས།   ཚན་རྩལ་དངོས་ཤུགས་དང་གསར་སྐྲུན་བྱེད་ནུས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བ་དང་། སློབ་གསོ་འཕེལ་རྒྱས་དང་ཚན་རྩལ་གསར་སྐྲུན།   འཇོན་མི་གསོ་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཚན་རྩལ་སྒྲིག་གཞིའི་ནང་རྐྱེན་མྱུར་དུ་བཅོས་སྒྱུར་བྱེད་དགོས།   ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་ཀྱི་དེང་རབས་ཅན་མ་ལག་འཛུགས་པ་དང་གསར་དར་ཐོན་ལས་མྱུར་དུ་གསོ་སྐྱོང་དང་སྟོབས་ལྡན་དུ་གཏོང་བ།      སྲོལ་རྒྱུན་ཐོན་ལས་བཅོས་སྒྱུར་རིམ་སྤོར་བྱེད་རྒྱུ་དམ་འཛིན་བྱས་ཏེ་ཐཱན་རྩེར་སོན་གྱི་འགུལ་སྐྱོད་ཆེན་པོ་བཅུ་ལ་གཅིག་གྱུར་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་དགོས།    གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྫོང་མཁར་འདེགས་སྐྱོར་གལ་ཆེན་དུ་བྱས་པའི་མཁར་གྲོང་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པ།    མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མཁར་གྲོང་གི་དཔལ་འབྱོར་འཁོར་སྐྱོད་གེགས་མེད་ཡོང་བར་བྱེད་དགོས།   བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་བསྒྱུར་བའི་བཅོས་སྒྱུར་མྱུར་དུ་སྤེལ་བ།    ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།

                                                                                             ལྷ་མོ་ཚེ་རིང་གིས་བསྒྱུར།