ཞི་ཅིན་ཕིང་གིས་དབྱི་ལང་གི་ཙུང་ཐུང་ལའེ་ཞི་དང་གྲོས་མོལ་མཛད།
2023.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 147

ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་དབྱི་ལང་གི་ཙུང་ཐུང་ལའེ་ཞི་དང་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་དབྱི་ལང་གཉིས་བར་སྲོལ་རྒྱུན་མཛའ་མཐུན་ཆེན་པོ་ལྡན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་སྣ་ཚོགས་ཐེག་ཐུབ་ཡོད། མིག་སྔའི་འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་རྙོག་འཛིང་ཆེ་བའི་གནས་བབ་ཀྱི་མདུན་དུ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྒྲིལ་མཉམ་ལས་ཀྱི་སྒོ་ནས་པྲོག་གསར་རིམས་ནད་ལ་འགོག་རྒོལ་བྱས་པ་དང་། འཐབ་ཇུས་ཀྱི་ཐད་ནས་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་ཕྱིན་པ་དང་དངོས་གཉེར་མཉམ་ལས་བརྟན་པོའི་ངང་སྤེལ་ལ། ཐུན་མོང་གི་ཁེ་ཕན་ལ་སྐུལ་འདེད་བཏང་བ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། བློ་བརྟན་འགྱུར་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། བློ་བརྟན་འགྱུར་མེད་སྒོས་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་དང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་འཕེལ་རྒྱས་གཏོང་གིན་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་སྟངས་ལ་འགྱུར་ལྡོག་ཇི་ལྟར་བྱུང་ནའང་། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་དབྱི་ལང་བར་གྱི་མཛའ་མཐུན་མཉམ་ལས་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་གི་ཁྲོད་ནས་འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཡར་ཐོན་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན་དང་མངའ་ཁོངས་ཆ་ཚང་བ། མི་རིགས་ཀྱི་ལ་རྒྱ་བཅས་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། དབྱི་ལང་ཕྱོགས་ཀྱིས་ཕྱོགས་རྐྱང་པའི་རིང་ལུགས་དང་བཙན་དབང་རིང་ལུགས་འགོག་རྒྱུར་རྒྱབ་སྐྱོར་བྱེད་པ་ཡིན་ལ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་དབྱི་ལང་གི་ནང་སྲིད་ལ་ཐེ་གཏོགས་དང་དབྱི་ལང་གི་བདེ་འཇགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བར་ངོ་རྒོལ་བྱེད་པ་དང་། ཕྱོགས་གཉིས་ཀའི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་དབྱི་ལང་ཕྱོགས་དང་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་ཁྱོན་ཡོངས་ཀྱི་མཉམ་ལས་འཆར་གཞི་དོན་འཁྱོལ་ཡག་པོ་བྱས་ཏེ། ཉོ་ཚོང་དང་ཞིང་ལས། བཟོ་ལས། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། དབྱི་ལང་གི་སྤུས་ལེགས་ཞིང་ལས་ཐོན་རྫས་སྔར་ལས་གང་མང་ནང་འདྲེན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་མུ་མཐུད་དུ་སྤེལ་ནས། ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་མི་ཆོས་བརྗེ་རེས་རྒྱ་ཆེར་སྤེལ་འདོད་ཡོད་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་དབུས་ཤར་ས་ཁུལ་གྱི་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ནི་ས་ཁུལ་དེར་གནས་པའི་རྒྱལ་ཁབ་དང་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་ཅིང་། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནུས་ཁུངས་བརྟན་པོའི་ངང་མཁོ་སྤྲོད་འགན་ལེན་བཅས་བྱ་རྒྱུར་གལ་འགངས་ཤིན་ཏུ་ཆེ།  ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་ཕྱོགས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱིས་ཕན་ཚུན་བར་སྐད་ཆ་བཤད་རེས་དང་གྲོས་མོལ་བྱས་ནས་འགལ་བ་སེལ་རྒྱུར་རྒྱབ་སྐྱོར་བྱེད་པ་ཡིན་ལ། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མངོན་འགྱུར་ཡོང་བར་བྱས་ནས། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལས་སྟེགས་བརྒྱུད་དེ་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་པ་དང་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཀྲུང་གོ་དབྱི་ལང་གི་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་གྲོས་མཐུན་སླར་གསོ་བྱེད་པའི་གྲོས་མོལ་ཁྲོད་མུ་མཐུད་ཞུགས་རྒྱུ་ཡིན་པ་དང་། ཀྲུང་གོས་དབྱི་ལང་ཕྱོགས་ཀྱིས་ལུགས་མཐུན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། དབྱི་ལང་གི་ཉིང་རྡུལ་གནད་དོན་གང་མགྱོགས་སྒོས་ཐག་གཅོད་འོས་འཚམ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།

ལའེ་ཞི་ཡིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་། འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ་བཅས་ལ་དབྱི་ལང་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་དེའི་ཁྲོད་འབད་པས་ཞུགས་རྒྱུ་ཡིན། དབྱི་ཀྲུང་རྒྱལ་ཁབ་གཉིས་ཀས་ཕྱོགས་རྐྱང་པའི་རིང་ལུགས་དང་བཙན་དབང་བཙན་བདག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། དབྱི་ལང་ཕྱོགས་ཀྱིས་ཀྲུང་གོས་རང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དབྱི་ལང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་པོའི་ཐད་ཀྱི་མཉམ་ལས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ད་དུང་མཉམ་དུ་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་ཀྱང་དགོངས་འཆར་བརྗེ་རེས་མཛད།

གྲོས་མོལ་གྱི་རྗེས་སུ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཞིང་ལས་དང་ཚོང་ལས། ཡུལ་སྐོར། ཁོར་ཡུག་སྲུང་སྐྱོབ། འཕྲོད་བསྟེན། གནོད་སེལ། རིག་གནས། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་གནང་།

གྲོས་མོལ་གྱི་སྔོན་ལ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ལའེ་ཞི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཝང་དབྱི་དང་ཧི་ལིས་ཧྥུན་སོགས་གོང་གསལ་བྱེད་སྒོར་ཞུགས།

ལའེ་ཞི་ཡིས་ཀྲུང་གོར་འཚམས་འདྲི་བྱེད་པའི་རིང་ལ། ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ཞེས་པ་སྤེལ་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།