ལིས་ཁི་ཆང་གིས་དབྱི་ལང་གི་ཙུང་ཐུང་ལ་ཐུག་འཕྲད་བྱས།
2023.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིང་དུ་དབྱི་ལང་གི་ཙུང་ཐུང་ལའེ་ཞི་ལ་ཐུག་འཕྲད་བྱས།

ལིས་ཁི་ཆང་གིས་ཀྲུང་གོ་དང་དབྱི་ལང་ནི་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་གཉིས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་བར་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་རིང་བོ་ལྡན།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་མཉམ་དུ་གྲོས་མོལ་གནང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཁྱོན་ཡོངས་ནས་འཆར་འགོད་མཛད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ། མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱེད་འདོད་ཡོད་ཅེས་བསྟན།

ལིས་ཁི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་ཕྱོགས་དང་མཉམ་དུ་དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུར་འབད་བརྩོན་བྱེད་འདོད་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་མཉམ་ལས་འཆར་གཞི་དོན་འཁྱོལ་ཡག་པོ་བྱས་ནས། དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཐོན་རྫས་ཕྱིར་གཏོང་བྱེད་རྒྱ་ཇེ་ཆེར་གཏོང་བ། གཉིས་ཕན་གཉིས་རྒྱལ་དང་དམངས་ཚིས་ལེགས་བཅོས་ལ་ཕན་པའི་ལས་གཞི་ལག་བསྟར་ལ་སྐུལ་འདེད་གཏོང་རྒྱུ་ཡིན། དེ་མིན་ད་དུང་མི་སྣ་འགྲོ་འོང་གི་ཚད་སྔར་ལས་ཇེ་མང་དུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་གྱི་དམངས་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བསྟན།

ལའེ་ཞི་ཡིས་དབྱི་ལང་དང་ཀྲུང་གོའི་བར་དུ་ཕན་ཚུན་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན། དབྱི་ལང་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་གཉིས་རྒྱལ་གྱི་རྨང་གཞིའི་སྟེང་དུ། རྒྱལ་ཁབ་གཉིས་ཀའི་ཁྱོན་ཡོངས་ཀྱི་མཉམ་ལས་འཆར་གཞི་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་ནས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་བྱེད་པ་དང་ཀྲུང་གོའི་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

ཝང་དབྱི་དང་ཧི་ལིས་ཧྥུན་སོགས་ཐུག་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།