ལིས་ཀྲན་ཧྲུའུ་ཡིས་དབྱི་ལང་གི་ཙུང་ཐུང་ལ་ཐུག་འཕྲད་བྱས།
2023.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 254

ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་དབྱི་ལང་གི་ཙུང་ཐུང་ལའེ་ཞི་ལ་ཐུག་འཕྲད་བྱས།

ལིས་ཀྲན་ཧྲུའུ་ཡིས་ཀྲུང་གོ་དང་དབྱི་ལང་ནི་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་གཉིས་ཡིན་ལ། ལོ་ངོ་སྟོང་ཕྲག་གི་རིང་ལ་རྒྱལ་ཁབ་གཉིས་ཀའི་མི་དམངས་བར་མཛའ་བརྩེ་ཟབ་མོ་ཆགས་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཛུབ་སྟོན་དུ་བཟུང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་དང་། ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་སོགས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། རྒྱལ་ཁབ་གཉིས་ཀའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱ་ཆེད་ཁྲིམས་འཛུགས་ཀྱིས་འགན་ལེན་བྱེད་པ་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་དགོས་ཞེས་བསྟན།

ལའེ་ཞི་ཡིས་རྒྱལ་ཁབ་གཉིས་ཀའི་བར་སྲོལ་རྒྱུན་མཛའ་མཐུན་གྱི་ལོ་རྒྱུས་ཆེན་པོ་ལྡན།  ཕྱོགས་གཉིས་ཀས་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་གསོན་ཤུགས་གསར་པ་སྣོན་རྒྱུའི་རེ་བ་ཡོད།  ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

ཝུའུ་ཝེ་ཧྭ་ཐུག་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།