ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2023.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩིས་བཤེར་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གྲོས་ཚོགས་དང་རྒྱལ་ཡོངས་དྲ་རྒྱ་དང་ཆ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རང་ཞིང་གི་ལག་བསྟར་དང་དངོས་འབེབས་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ལག་བསྟར་ཇུས་གཞི་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་བྱ་བར་ཧ་ཅང་མཐོང་ཆེན་གནང་གིན་ཡོད་ལ། ཐེངས་མང་པོར་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ནས། ང་ཚོས་སྤུས་ཚད་མཐོ་བའི་སྒོ་ནས་རྩིས་བཤེར་བྱ་བ་བཟང་བོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། ཙུང་ལི་ལིས་ཁི་ཆང་གིས་གནང་བའི་གསུང་བཤད་ཀྱིས་ད་ལོའི་རྩིས་བཤེར་བྱ་བ་བཟང་བོར་སྒྲུབ་པར་རེ་བ་ནན་མོ་བཏོན་པ་དང་བྱེ་བྲག་གི་བཀོད་སྒྲིག་བྱས། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་དགོས། ཆབ་སྲིད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ལངས་ཕྱོགས་བརྟན་པོའི་སྒོ་ནས་ཆབ་སྲིད་སྐྱོང་བ་དེ་རྩིས་བཤེར་བྱ་བའི་བརྒྱུད་རིམ་ཡོངས་སུ་སྦྲེལ་བ་དང་། ཆབ་སྲིད་ཐད་ནས་གནད་དོན་ལ་ལྟ་བ་དང་དཔལ་འབྱོར་ལྟ་སྐུལ་ཁྲོད་དུ་ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་རེ་བ་མཚོན་པར་བྱེད་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་དེ་རྩིས་བཤེར་བྱ་བའི་གཙོ་སྙིང་དུ་འཛིན་པ་དང་། གཟབ་ནན་སྒོས་དོན་དངོས་དང་གཞི་གྲངས་ལྟར་དུ་བྱ་བ་སྒྲུབ་ནས། རྩིས་བཤེར་གྱི་དབང་ཟིལ་རང་བཞིན་དང་ཡིད་རྟོན་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྔོན་བརྡའི་ནུས་པ་འདོན་སྤེལ་བྱེད་པ་དང་། དཔལ་འབྱོར་ཉེན་ཁ་དང་སྲིད་གཙང་ཉེན་ཁ། དབང་ཆ་བཀོལ་སྤྱོད་ཉེན་ཁ་བཅས་རྟོགས་པར་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས་ལ། ལམ་ལུགས་ཀྱི་ངོས་ནས་མི་འདང་ས་ལེགས་སྒྱུར་བྱེད་དགོས། གཟབ་ནན་དངོས་གཉེར་གྱི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ཏེ། ཆེད་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། བྱང་ཚད་མཐོ་བའི་རྩིས་བཤེར་ལས་བྱེད་པའི་དཔུང་སྡེ་གསར་སྐྲུན་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། དྲིལ་སྒྲོག་བྱ་བ་དང་དྲ་རྒྱ་དང་ཆ་འཕྲིན་བྱ་བའི་ལས་འགན་ཧ་ཅང་ལྗིད་པས།  སེམས་སྡུད་ཤུགས་སྒྲིལ་བློ་སྦྱོང་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱས་ནས། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་པ། དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་སྡུད་བྱེད་པ། མི་གསར་གསོ་སྐྱོང་བྱེད་པ། རིག་གནས་དར་རྒྱས་སུ་གཏོང་བ། སྣང་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་བཟང་བོར་ཁུར་དགོས། ལས་འགན་དང་པོ་དམ་འཛིན་བྱས་ཏེ། ཤུགས་ཆེན་པོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་རྒྱུ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། ཡིད་ཆེས་བརྟན་པོས་སྤྱི་འདོམས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཞུགས་པར་སྐུལ་ལྕག་གཏོང་དགོས། སྣང་ཚུལ་བཟང་བོ་གསར་སྐྲུན་བྱས་ཏེ། མཐུན་སྒྲིལ་འབད་འཐབ་སྒོས་ལས་སྒྲུབ་ལས་སྐྲུན་བྱེད་པ་དང་། དཔལ་འབྱོར་འཁོར་སྐྱོད་ཡོངས་ཁྱབ་ཏུ་བསྐྱར་འཕར་བྱེད་པ། མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དུ་འགྲོ་བའི་མཚོ་སྔོན་གྱི་གཏམ་རྒྱུད་བརྗོད་པ་དང་། དཔེ་མཚོན་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། རིག་གནས་མཁོ་འདོན་ཇེ་མང་དུ་བཏང་སྟེ། མི་དམངས་དཀྱིལ་སྙིང་ཡིན་པའི་བྱ་བའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རིག་གནས་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། རིག་གནས་ལས་དོན་ཐོན་ལས་དར་རྒྱས་གོང་འཕེལ་དུ་གཏོང་བ། སྔར་ལས་མང་པོའི་བརྩམས་ཆོས་འབྲི་བ། རིག་གནས་དང་གནས་སྐོར་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་གནང་གིན་ཡོད། མངགས་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་རྒྱུ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པའི་ལག་ལེན་གལ་ཆེན་དུ་བརྩིས་ནས། ཚད་གཞི་མཐོ་བའི་སྒོ་ནས་ཇུས་འགོད་བྱེད་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལག་བསྟར་བྱེད་དགོས། སྲུང་སྐྱོབ་དང་བཅོས་སྐྱོང་ལག་བསྟར་བཟང་བོ་བྱས་ཏེ། མཚོ་ནང་དང་མཚོ་འགྲམ། ཆུའི་ཐོན་ཁུངས་དང་བཞུར་ཁོངས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། སྐྱེ་ཁམས་གཞི་གཅིག་ཅན་ལ་སྲུང་སྐྱོབ་དང་ཁོངས་གཏོགས་བཅོས་སྐྱོང་བཟང་བོ་བྱེད་དགོས། མཉམ་སྐྲུན་དང་མཉམ་བདག མཉམ་སྤྱོད་བཅས་ལ་སྐུལ་འདེད་བཏང་ནས། ཕྱོགས་སོ་སོས་སྲུང་སྐྱོབ་བྱེད་འདོད་པའི་བརྩོན་སེམས་བསྐྱེད་དེ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།

གྲོས་ཚོགས་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།