ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་ལས་དོན་ལ་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།
2023.02.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་ལས་དོན་ལ་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་ཞེས་པ་པར་འགྲེམས་བྱས་ནས། དེ་འབྲེལ་གྱི་བརྡ་ཐོ་བཏང་ནས། ས་གནས་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན།

བསམ་འཆར་ནང་གཏན་འབེབས་གསལ་པོ་བྱས་པའི་མཛུབ་སྟོན་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཀྱིས་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་གཞིར་འཛིན་སར་བརྩི་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་འཛིན་པ། ཆབ་སྲིད་ཀྱི་ངོ་བོ་འབུར་ཐོན་ཡོང་བར་བྱེད་པ། ནོར་དོན་རྩིས་གཉེར་གྱི་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བ། ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ། བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་ཕན་ནུས་ཇེ་ཆེར་གཏོང་བ། ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་འབྲེལ་མཐུད་དང་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་བ། ཏང་གི་གཅིག་གྱུར་མགོ་ཁྲིད་ཀྱིས་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པ། དབང་གྲགས་དང་ལས་ཆོད་ཆེ་བ་བཅས་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས།

བསམ་འཆར་ལས་ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་ལས་དོན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་བྱེད་ཤུགས་དང་འགན་ལེན་བྱེད་ཐབས་ཇེ་ཆེར་གཏོང་བའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།