ཝང་ཧེ་ཧུང་གིས་ཚོང་དོན་དང་ཚོང་རའི་ལྟ་སྐུལ་དོ་དམ། ལུས་རྩལ། ཕྱི་དོན། རྒྱང་སྒྲོག་བརྙན་འཕྲིན། ས་གནས་ལོ་རྒྱུས་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས།
2023.02.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཉེ་ལམ། ཧྲིན་ཀྲང་གཞོན་པ་ཝང་ཧེ་ཧུང་གིས་ཚོང་དོན་དང་ཚོང་རའི་ལྟ་སྐུལ་དོ་དམ། ལུས་རྩལ། ཕྱི་དོན། རྒྱང་སྒྲོག་བརྙན་འཕྲིན། ས་གནས་ལོ་རྒྱུས་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་ཤིང་། སྔ་གཞུག་ཏུ་ལས་ཁུངས་དང་ཁེ་ལས་ཚོང་ར། ལས་གཞིའི་ཡུལ་དངོས་སོགས་ལ་སོང་ནས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་པར་མ་ཟད་དཀའ་ཁག་དང་གནད་དོན་མཐུན་སྦྱོར་སྒོས་ཐག་གཅོད་བྱས།

ཝང་ཧེ་ཧུང་གིས་བསྟན་དོན། དེང་སྐབས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གོ་སྐབས་དམ་འཛིན་བྱེད་པ་དང་། དམིགས་འབེན་ལ་གཞིགས་ནས་དཀའ་སྤྱད་འབད་འཐབ་སྒོས་དུས་ཚིགས་དང་པོའི་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་བཞིན་ཡོད། ལས་བགོས་ལས་ཁུངས་སོ་སོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས། ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་ལྟར། སྙིང་སྟོབས་དར་སྤེལ་དང་དམ་འཛིན་དངོས་སྒྲུབ་བྱེད་པ་དང་། ཧུར་ཐག་སྒོས་བྱ་བ་སྣ་ཚོགས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་རོགས་འདེགས་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཝང་ཧེ་ཧུང་གིས་བསྟན་དོན། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ། རང་འགུལ་སྒོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་བསྲེས་བྱེད་དགོས་ལ། ཁེ་ལས་ལ་རོགས་རམ་དང་དཀའ་ཁག་སེལ་བའི་སྲིད་ཇུས་དངོས་འབེབས་བྱེད་པ་དང་། འཛད་སྤྱོད་སླར་གསོ་རང་བཞིན་གྱི་སྒོ་ནས་འཕར་སྣོན་འབྱུང་བར་ཡར་སྐུལ་བྱེད་པ། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་བརྟན་འཇགས་སྒོས་འཕར་བར་སྐུལ་འདེད་གཏོང་བ། སྒོ་འབྱེད་སྟེགས་བུ་མྱུར་དུ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་ལ་ཤུགས་འདོན་དགོས། ཚོང་རའི་གཙོ་གཞི་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། སྤུས་ཚད་ཀྱི་སྟོབས་ལྡན་ཞིང་ཆེན་ལ་སྐུལ་འདེད་གཏོང་བ། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ནུས་པ་ཇེ་ཆེར་གཏོང་བ། མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་དགོས་མཁོ་ཡོངས་སུ་སྐོང་བའི་ཐད་ལ་ཤུགས་འདོན་དགོས། མཐོ་སྒང་གི་ལུས་རྩལ་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་། དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པ་དང་རྩལ་འགྲན་ལུས་རྩལ་གྱི་རིམ་པ་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འཕེལ་རྒྱས་སུ་གཏོང་བ། རིགས་སོ་སོའི་འགྲན་སྡུར་རྣམ་གྲངས་ཀྱི་རིན་ཐང་མཐོར་འདེགས་སུ་གཏོང་བའི་ཐད་ལ་ཤུགས་འདོན་དགོས། གླེང་ཕྱོགས་སྣེ་ཁྲིད་ནུས་ཤུགས་ཇེ་ཆེར་གཏོང་བ་དང་གློག་བརྙན་འཕྲིན་གྱིས་བརྩམས་ཆོས་གསར་རྩོམ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པ། རྒྱང་སྒྲོག་བརྙན་འཕྲིན་གྱི་སྤྱི་ཐུན་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་བའི་ཐད་ལ་ཤུགས་འདོན་དགོས། ཕྱི་ཕྱོགས་མཛའ་མཐུན་འགྲོ་འོང་རྒྱ་བསྐྱེད་པ་དང་། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་བརྗོད་པ། རྒྱུན་མཐུད་སྒོས་མཚོ་སྔོན་འཛམ་གླིང་ཡོངས་ལ་མཚམས་སྦྱོར་བྱེད་པའི་ཐད་ཤུགས་འདོན་དགོས། དག་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། ས་གནས་ལོ་རྒྱུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཞབས་ཞུ་བཟང་བོ་སྒྲུབ་པའི་ཐད་ཤུགས་འདོན་དགོས།

                                                                                                               བཀྲ་ཤིས་འབུམ་གྱིས་བསྒྱུར།