ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་གསོ་སྦྱོང་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་འབྲེལ་ཡོད་བྱ་བའི་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱེད་པ་དང་། ཁེ་ལས་སུ་སོང་ནས་དཀའ་ཁག་ཁྱད་སེལ་བྱེད་པ། སེམས་སྡུད་ཤུགས་སྒྲིལ་སྒོས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཐད་ཕན་འབྲས་བཟང་བོ་ཐོབ་པར་འགན་སྲུང་བྱེད་དགོས།
ཝང་ཝེ་ཏུང་གིས་བསྟན་དོན། ཞིང་ཆེན་ཡོངས་སུ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱེད་པའི་དོན་དངོས་ཀྱི་འགུལ་སྐྱོད་དང་ཁེ་ལས་ལ་རོགས་སྐྱོར་དང་དཀའ་ཁག་སེལ་རོགས་བྱེད་པའི་གནད་འགག་གི་བྱེད་ཐབས། ལས་བྱེད་པའི་བྱ་སྤྱོད་ལེགས་སྒྱུར་བྱེད་པའི་ནུས་ལྡན་བྱེད་ཐབས་བཅས་ཡིན་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་རོགས་འདེགས་བྱེད་པར་དོན་སྙིང་གལ་ཆེན་ལྡན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བསམ་བློ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་ལས་འགན་སྣ་ཚོགས་ཏན་ཏིག་ཞིབ་ཕྲ་སྒོས་དངོས་འབེབས་བྱེད་དགོས།
ཝང་ཝེ་ཏུང་གིས་བསྟན་དོན། འཐབ་ཕྱོགས་དང་པོར་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོར་ཆགས་པར་བྱས་ཏེ། ཁེ་ལས་སུ་སོང་ནས་འཕེལ་རྒྱས་ཀྱི་དཀའ་གནད་སྣ་ཚོགས་བཙལ་བ་དང་། གནད་དོན་དོན་དངོས་སུ་ཐག་གཅོད་པ། གནད་དོན་ངོ་མ་ཐག་གཅོད་པ། ཧུར་ཐག་སྒོས་ཚོང་རའི་གཙོ་གཞི་སླར་གསོ་དང་འཕེལ་རྒྱས་སུ་འགྲོ་བར་ཁོར་ཡུག་བཟང་བོ་བསྐྲུན་དགོས། སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་པའི་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་བཟང་བོ་གདམ་གསེས་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྲུབ་འབྲས་ལ་བརྟེན་ནས་འགུལ་སྐྱོད་ལ་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས། བཀོད་གཏོང་ལྟ་སྐུལ་མཛུབ་སྟོན་དཔྱད་ཞིབ་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། བཀོད་གཏོང་མཛུབ་སྟོན་ནུས་པ་ཇེ་ཆེར་གཏོང་བ་དང་། བྱ་བ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས་ལ། རྐྱེན་སྲོལ་བཟང་བོར་བརྟེན་ནས་འདུ་ཤེས་ལེགས་སྒྱུར་བྱེད་པར་ཡར་སྐུལ་བྱེད་པ་དང་ནུས་པ་མཐོར་འདེགས་སུ་འགྲོ་བར་ཡར་སྐུལ་བྱེད་པ། ཕན་འབྲས་སྲ་བརྟན་དུ་གཏོང་བར་ཡར་སྐུལ་བྱེད་དགོས། ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་བ་གོ་སྐབས་སུ་བཟུང་སྟེ། རྒྱུན་རྣམ་ཅན་དང་རྐྱེན་སྲོལ་ཅན། ཁྱོན་ཡོངས་ལ་ཁེབས་པའི་ཚོང་རའི་གཙོ་གཞིའི་ཞབས་ཞུའི་མ་ལག་བཙུགས་ནས། ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་འགུལ་སྐྱོད་ཀྱི་རྒྱུན་མཐུད་རང་བཞིན་དང་གྲུབ་འབྲས་ཀྱི་རྒྱུན་འཁྱོངས་རང་བཞིན་ལ་ཁག་ཐེག་བྱེད་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།