རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་དང་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་སོ་སོར་ཉིས་སྟོང་ཉེར་གསུམ་ལོའི་ཟླ་གསུམ་པའི་ཚེས་ལྔ་དང་ཟླ་གསུམ་པའི་ཚེས་བཞི་ཉིན་པེ་ཅིང་ནས་འཚོགས་མགོ་རྩོམ་རྒྱུ་རེད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་དང་རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་སྐབས་དེར་བཅར་འདྲི་བྱེད་དུ་ཡོང་བར་དགའ་བསུ་ཞུ་བ་དང་། གྲོས་ཚོགས་ནས་མུ་མཐུད་དུ་སྒོ་འབྱེད་དང་མངོན་གསལ་གྱི་དགོངས་དོན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་བཅར་འདྲི་བྱེད་པར་ཞབས་ཞུ་བཟང་བོ་འདོན་སྤྲོད་བྱེད་ངེས་ཡིན་ཟེར།
གྲོས་ཚོགས་ཀྱི་བཅར་འདྲི་ལ་ཕྱོགས་བསྡུས་སྣ་མང་གི་རྣམ་པ་སྤྱོད་རྒྱུ་ཡིན་ལ། དེའི་ནང་དུ་ཡུལ་དངོས་བཅར་འདྲི་དང་དྲ་ངོས་བཅར་འདྲི། ཡིག་ཐོག་བཅར་འདྲི་སོགས་འདུ་བས། པེ་ཅིང་དུ་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དེའི་ཁྲོད་དུ་ཞུགས་པར་དགའ་བསུ་ཞུ་བ་དང་། ཕྱི་རྒྱལ་གྱི་གསར་འགོད་པས་དྲ་ངོས་དང་ཡིག་ཐོག་སོགས་ཀྱི་རྣམ་པ་བརྒྱུད་དེ་བཅར་འདྲི་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། གསར་འགོད་པས་མིང་ཐོ་འགོད་པའི་དུས་ཚོད་ཉིས་སྟོང་ཉེར་གསུམ་ལོའི་ཟླ་གཉིས་པའི་ཚེས་ཉེར་གཉིས་བར་རེད།
བཀྲ་ཤིས་འབུམ་གྱིས་བསྒྱུར།