ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་ཐོན་ལས་དང་དངུལ་གཏོང་མཉམ་ལས་གླེང་སྟེགས་ལ་འཕྲིན་ཡིག་གི་ལམ་ནས་རྟེན་འབྲེལ་ཞུས།
2023.02.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་ཐོན་ལས་དང་དངུལ་གཏོང་མཉམ་ལས་གླེང་སྟེགས་ལ་འཕྲིན་ཡིག་གི་ལམ་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལྷག་འཁོར་བའི་རིང་ལ། ཕན་ཚུན་བར་འཐབ་ཇུས་རོགས་རེས་འབྲེལ་བ་གཅིག་རྗེས་གཉིས་མཐུད་ངང་བཙུགས་ནས། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་རྒྱུན་འཛིན་དང་མཉམ་ལས་གཉིས་ཕན་གྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་དེ། རྒྱལ་སྤྱིའི་འབྲེལ་བ་ཡི་དཔེ་མཚོན་གསར་པ་བསྐྲུན་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོས་ཐོན་ལས་དང་དངུལ་གཏོང་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ས་ཁོངས་ཀྱི་ཐོན་ལས་ཕྲེང་འབྲེལ་བརྟན་པོ་ཡོང་རྒྱུར་སྲུང་སྐྱོབ་ནུས་ལྡན་བྱས་ནས། ས་ཁུལ་དང་རྒྱལ་ཁབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཞུགས་ཚད་མཐོ་རུ་བཏང་སྟེ། མཉམ་དུ་འཕེལ་རྒྱས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་མཉམ་དུ་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་ར་དང་འཐུས་སྒོ་ཚང་བའི་ཐོན་ལས་མ་ལག སྔོན་ཐོན་ལག་རྩལ་བཅས་མཉམ་སྤྱོད་བྱས་ཏེ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་ཡོང་བ་བཅས་བྱས་ནས། ས་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མཉམ་དུ་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཅེས་གསུངས།

ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་ཐོན་ལས་དང་དངུལ་གཏོང་མཉམ་ལས་གླེང་སྟེགས་ཉིན་དེར་ཧྲན་ཏུང་ཞིང་ཆེན་ཆིན་ཏའོ་གྲོང་ཁྱེར་དུ་བསྡུས་ཤིང་། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་ནི། མཉམ་དུ་གཉིས་ཕན་གཉིས་རྒྱལ་དང་ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་དེ་ཡིན་ལ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།