ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། ཉེ་དུས་ཀྱི་རིམས་ནད་འགོག་སྡོམ་ལས་དོན་སྤེལ་པའི་གནས་ཚུལ་གྱི་སྙན་ཞུར་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།
གྲོས་ཚོགས་ལས་བསྟན་དོན། ལོ་གསུམ་ལྷག་གི་རིང་ལ། རང་རྒྱལ་གྱི་རིམས་ནད་འགོག་སྡོམ་གྱི་ལོ་རྒྱུས་བརྒྱུད་རིམ་སྤྱིར་བཏང་ཞིག་གཏན་ནས་མིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའིཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་འགོག་བཅོས་བྱས་པ་དང་། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་འཐབ་ཇུས་ཀྱི་ངེས་ཤུགས་ཆེན་པོར་བརྟེན་ནས། དུས་བབ་དང་བསྟུན་ནས་འགོག་སྡོམ་གྱི་སྲིད་ཇུས་དང་བྱེད་ཐབས་ལེགས་སྒྲིག་བྱས་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱས་པའི་དབང་གིས། ནད་གཞི་སློང་ནུས་ཆེ་བ་དང་ཤི་ཚད་ཅུང་མཐོ་བའི་ནད་དུག་རྒྱ་ཡན་དུ་མི་མཆེད་པར་བྱས་པར་མ་ཟད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་ནུས་ལྡན་བྱས་ནས། རིམས་ནད་འགོག་སྡོམ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཅིག་པ་ནས་བཟུང་། ང་ཚོས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་ནད་གཞི་ལྕི་མོ་འགོག་པ་ལ་དམ་པོར་དམིགས་ནས། འགོག་སྡོམ་བྱེད་ཐབས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་སྟེ། དུས་ཚོད་ཐུང་ངུའི་ནང་དུ་རིམས་ནད་འགོག་སྡོམ་གྱི་གནས་སྟངས་བརྟན་པོའི་ངང་ལེགས་སྒྱུར་བྱས་ནས། མི་དུང་ཕྱུར་གཉིས་ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་། ནད་པ་ཚབས་ཆེན་འབུམ་བརྒྱད་ལྷག་ལ་ནུས་ལྡན་གྱི་སྒོ་ནས་སྐྱོབ་བཅོས་བྱས་ཤིང་། རིམས་ནད་ཀྱི་དབང་གིས་ནད་པ་ཤི་ཚད་འཛམ་གླིང་གི་ཆེས་དམའ་ཤོས་སུ་རྒྱུན་འཁྱོངས་བྱས་པ་དང་། རིམས་ནད་འགོག་སྡོམ་ཐད་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་པར་བྱས་ནས། མིའི་རིགས་ཀྱི་དཔལ་ཡོན་ལོ་རྒྱུས་སྟེང་གི་མི་འབོར་མང་བའི་རྒྱལ་ཁབ་ཆེན་པོ་རིམས་ནད་ལས་ཐར་བའི་བྱས་རྗེས་ངོ་མཚར་ཅན་བསྐྲུན། ལག་ལེན་གྱི་སྟེང་ནས་ཏང་ཀྲུང་དབྱང་གིས་རིམས་ནད་བྱུང་བའི་གནས་ཚུལ་ལ་བརྡར་ཤ་ཡང་དག་བཅད་པ་དང་འགོག་སྡོམ་ལས་དོན་ལ་ཇུས་ཆོད་གལ་ཆེན་བཏོན་པ། འགོག་སྡོམ་གྱི་ཐབས་ཇུས་ལ་ལེགས་སྒྲིག་ཆེན་པོ་བྱས་པ་བཅས་ནི་ཡོངས་སུ་ཡང་དག་ཡིན་པ་དང་། རིམས་ནད་སྔོན་འགོག་གི་བྱེད་ཐབས་ནུས་ལྡན་ཡིན་པར་མ་ཟད། མང་ཚོགས་ཀྱིས་དེར་ཁས་ལེན་ཐོབ་ཡོད་ཅིང་ཕན་འབྲས་ཧ་ཅང་ཆེ་བ་ར་སྤྲོད་བྱས་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དེང་སྐབས་རྒྱལ་ཡོངས་ཀྱི་རིམས་ནད་འགོག་སྡོམ་གྱི་གནས་བབ་སྤྱིའི་ཆ་ནས་ཇེ་ལེགས་སུ་ཕྱིན་ནས། འགོས་ནད་རིགས་ཁ་པར་དོ་དམ་བྱེད་ཕྱོགས་རིམ་པ་ཁ་པ་སྤྱོད་པའི་རྒྱུན་རྣམ་ཅན་གྱི་འགོག་སྡོམ་དུས་རིམ་དུ་བརྟན་པོའི་ངང་སླེབས་ཡོད་ནའང་། འཛམ་གླིང་གི་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་པ་དང་ནད་དུག་ད་དུང་རྒྱུན་ཆད་མེད་པར་འགྱུར་བཞིན་ཡོད། ས་གནས་དང་སྡེ་ཁག་སོ་སོས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་ཆེན་པོ་བྱེད་པའི་འགན་འཁྲིའི་བསམ་པ་བཅངས་ནས། ལོ་གསུམ་ལྷག་ཙམ་དང་ཁྱད་པར་དུ་ཉེ་བའི་དུས་མཚམས་ཤིག་རིང་གི་ཉམས་མྱོང་དང་བྱེད་སྟངས་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་ཏེ། འབྲེལ་ཡོད་ལམ་སྲོལ་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། དུས་མཚམས་གསར་པའི་རིམས་ནད་འགོག་སྡོམ་གྱི་ལས་དོན་ཁག་དམ་འཛིན་ཞིབ་ཚགས་བྱེད་པ། འཕྲོད་བསྟེན་བདེ་ཐང་གི་ཞབས་ཞུའི་མ་ལག་སྟོབས་ལྡན་དུ་གཏོང་བ་བཅས་བྱས་ནས། དཀའ་བས་བསྐྲུན་པའི་གྲུབ་འབྲས་གལ་ཆེན་འདི་མཐའ་གཅིག་ཏུ་ཇེ་བརྟན་དུ་གཏོང་དགོས།
གྲོས་ཚོགས་ལས་བླང་བྱ་བཏོན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། “ཕྱོགས་བཞིའི་འགན་འཁྲི”ཇེ་དམ་དུ་གཏོང་བ་དང་འགག་རྩའི་ལྷུ་ཚིགས་དམ་འཛིན་བྱེད་པ། ཉེན་ཁ་ཡོད་པའི་མི་སྣར་དོ་དམ་ཚོད་འཛིན་ཡག་པོ་བཅས་བྱས་ཏེ། ད་ཡོད་ཀྱི་བྱ་བའི་རྨང་གཞིའི་སྟེང་དུ་སླར་ཡང་དོན་འཁྱོལ་བྱེད་དགོས། རིམས་ནད་ལྟ་ཞིབ་ཚད་ལེན་དང་རྒྱུན་རྣམ་ཅན་གྱི་ཉེན་ཟོན་ཉེན་བརྡའི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རིམས་ནད་ལྟ་ཞིབ་ཚད་ལེན་མ་ལག་དང་ཆ་འཕྲིན་སྙན་ཞུའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས། དུས་ཐོག་ཏུ་ཉེན་ཟོན་སྔོན་བརྡ་གནད་ལ་འཁེལ་བའི་ངང་གཏོང་བ་དང་། དགོས་ངེས་ཀྱི་འཕྲལ་སྡོམ་འགོག་སྡོམ་བྱེད་ཐབས་སྤྱོད་དགོས། ནད་དུག་གཞན་འགྱུར་དང་འགོག་ཁབ་སྲུང་སྐྱོབ་ཀྱི་གནས་ཚུལ་ལ་གཞིགས་ཏེ། དུས་མཚམས་རྗེས་མའི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ཏེ། ལོ་ལོན་རྒན་པར་འགོག་ཁབ་རྒྱག་པའི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། རྒྱུན་རྣམ་ཅན་གྱི་རིམ་དབྱེའི་ཁག་བགོས་སྨན་བཅོས་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱས་ནས། ཐོན་ཁུངས་བཀོད་སྒྲིག་མུ་མཐུད་ཇེ་ལེགས་སུ་བཏང་སྟེ། གཞུང་བཙུགས་སྨན་བཅོས་ལས་ཁུངས་གཙོར་བྱས་པའི་རིམ་གསུམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་འཛུགས་དགོས། སྨན་བཅོས་དངོས་རྫས་ཐོན་སྐྱེད་མཁོ་སྤྲོད་འགན་ལེན་ལ་ཤུགས་སྣོན་པ་དང་། གསོག་འཇོག་ལམ་ལུགས་དང་དཀར་ཆག་འཐུས་ཚང་དུ་གཏོང་བ། མི་སྣ་དང་དངོས་རྫས་གཅིག་འདོམས་བཀོད་སྒྲིག་ལམ་སྲོལ་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ནུས་པ་དང་སྨན་རྫས། སྒྲིག་ཆས་སོགས་ཐད་ཀྱི་ཞན་ཆ་དུས་ལྟར་ཐག་གཅོད་ནན་མོ་བྱེད་དགོས། འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ཚན་རྩལ་མཁྲེགས་གཏོར་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་ནས། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། ཚེ་སྲོག་བདེ་ཐང་གི་ཚན་རྩལ་ཆུ་ཚད་ཇེ་མཐོར་གཏོང་དགོས། ནད་ཡམས་འགོག་པའི་འཐབ་རྩོད་ཀྱི་གྲུབ་འབྲས་གལ་ཆེན་ལ་ལྡབ་འགྱུར་གྱིས་གཅེས་སྤྲས་བྱེད་པ་དང་། ནད་ཡམས་འགོག་པའི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་འཆད་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཁ་ཐོབ་ངེས་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ནས དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ་དཀའ་ངལ་ཁྱད་སེལ་དང་དཔའ་སྐྱེད་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་དགོས།
ཚོགས་ཐོག་ནས་ད་དུང་དོན་དག་གཞན་པར་ཡང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།