ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ལྷོ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཀང་གུང་ཧོ་རྫོང་དང་མཚོ་ལྷོ་ཁུལ་གྱི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ར་བའི་ཁུལ་དུ་སོང་ནས་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་བ་དང་། ལས་གཞི་གཙོ་བོ་འཛུགས་སྐྲུན་བྱེད་པ་དང་ཁེ་ལས་ཀྱི་ལས་ཐོན་སླར་གསོ་སོགས་ལ་རྟོག་ཞིབ་བྱས་ཤིང་། ཡུལ་དངོས་ནས་གནད་དོན་ཐག་བཅད།
ལིས་ཀང་སོགས་སྔ་གཞུག་ཏུ་མཚོ་ལྷོ་ཁུལ་ཅིན་ཧྥིན་ཚན་རྩལ་རླུང་གློག་སྒྲིག་ཆས་བཟོ་སྐྲུན་ལས་གཞིའི་འཛུགས་སྐྲུན་གནས་ཡུལ་དང་མཚོ་སྔོན་ལུང་ཅི་ལིས་ཡེ་ཉི་འོད་ནུས་པའི་ཚན་རྩལ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞུའེ་ཧྥིན་ནོར་གནག་འོ་ལས་ཚད་ཡོད་འགན་ལེན་ཀུང་ཟི་བཅས་ལ་སོང་ནས། རླུང་གློག་སྒྲིག་ཆས་བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་ལ་ཞབས་འདེགས་གནད་ལ་འཁེལ་བ་ཞུས་ཏེ། ལས་གཞི་ཟླ་གསུམ་པའི་ནང་འཛུགས་སྐྲུན་བྱེད་འགོ་རྩོམ་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། དེ་དང་མཉམ་དུ། ཉི་འོད་ནུས་པའི་སྒྲིག་ཆས་དང་འོ་བཟོས་ཐོན་རྫས་ཀྱི་ཐོན་སྐྱེད་སྒྲུབ་རིམ། ཐོན་རྫས་འགྲེམ་སྟོན་བཅས་ལ་ལྟ་ཞིབ་བྱས་པ་དང་། ཁེ་ལས་ཀྱིས་ཚོང་གཉེར་རྒྱ་བསྐྱེད་པ་དང་སྤུས་ཚད་ཇེ་མཐོར་གཏོང་བ། ཐོན་རྫས་ཇེ་ལེགས་སུ་བསྒྲུབ་པར་སྐུལ་སློང་བཏང་།
ལིས་ཀང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་བྱེད་སྐབས་གནང་བའི་གཏམ་བཤད་གལ་ཆེན་གྱི་ནང་དོན་དང་། ཞིང་ཆེན་དང་ཁུལ་གྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་འགུལ་སྐྱོད་ཀྱི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱད་དུ་འཕགས་པའི་འཕེལ་རྒྱས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ། དག་གཙང་ནུས་ཁུངས་ཀྱིས་མཉམ་བསྲེས་སྒོས་ཐོན་ལས་གཞན་པའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་ཕྲེང་འབྲེལ་འཛུགས་སྐྲུན་བྱེད་པ་དང་ཕྲེང་འབྲེལ་ཁ་གསབ་དང་རྒྱུན་བསྲིང་བྱས་ནས། ཐོན་ལས་ཀྱི་འདུ་ཚོགས་འཕེལ་རྒྱས་སུ་གཏོང་དགོས། འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། འགོ་ཁྲིད་ལས་བྱེད་པས་ཁེ་ལས་ལ་ཞབས་འདེགས་ཞུ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གནད་དོན་བསྡུ་རུབ་དང་ཕན་ལྡན་ཐག་གཅོད། ལྟ་སྒྲུབ་དཔྱད་ཞིབ་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཁེ་ལས་ཀྱི་དཀའ་ཁག་རྒྱ་ཆེར་ཐག་གཅོད་པ་དང་གོ་རིམ་ཧྲིལ་བོར་ཁེ་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། རེ་སྒུག་བྱེད་འོས་པའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་དམིགས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཐོན་ལས་ར་བའི་ཁུལ་འཕེལ་རྒྱས་སུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། ད་ཡོད་ཁེ་ལས་ཀྱི་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བའི་མིང་རྟགས་བཟང་བོར་བརྟེན་ནས། ཁེ་ལས་སྔར་ལས་མང་པོས་མཚོ་ལྷོ་ལ་དོ་སྣང་བྱེད་པ་དང་མཚོ་སྔོན་ལ་དོ་ཁུར་བྱེད་པར་སྐུལ་སློང་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།