ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་ནགས་ཚལ་ཐོན་ཁུངས་ལ་གཏོར་བརླག་ཐེབས་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་རྟོག་ཞིབ་བྱེད་སྐབས་རྒྱང་རིང་ལ་དམིགས་པ་དང་གཅིག་ཤེས་ཀུན་གྲོལ་གྱིས་ཁྱོན་ཡོངས་ལ་ཞིབ་བཤེར་བྱེད་པ། བླང་བྱར་དམིགས་ནས་བློ་བརྟན་འགྱུར་མེད་ངང་དག་ཐེར་ལེགས་བཅོས་བྱས་ཏེ་གནད་དོན་དག་ཐེར་ལེགས་བཅོས་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།
ལིའུ་ཐའོ་སྔ་གཞུག་ཏུ་གུང་ཧོ་རྫོང་ཐེ་གེ་ཡུལ་ཚོ་དང་ཐང་དཀར་མོ་གྲོང་རྡལ་རྨ་ཆུ་སྡེ་བའི་ཉེ་འདབས་སུ་སོང་ནས། སྟོང་ཝ་སུམ་བརྒྱ་སུམ་ཅུའི་གཅིག་སྡུད་ས་ཚིགས་ཀྱིས་བསྐྱལ་བའི་ལམ་ཐིག་དང་མཚོ་ལྷོ་ཁུལ་མཐོ་གནོན་ཕྱིར་སྐྱེལ་རྟེན་གཞིའི་གློག་ཁུངས་བཀོད་སྒྲིག་ལས་གཞིའི་ཆོས་རྗེ་དུམ་ཚན་གཉིས་པའི་ཀྲའོ་ཝ་སུམ་བརྒྱའི་རླུང་གློག་བཟོ་སྐྲུན་ལས་གཞིས་ནགས་ཚལ་ཐོན་ཁུངས་ལ་གཏོར་བརླག་བྱས་པ་དང་སྒྲིག་འགལ་གྱིས་ས་ཞིང་བེད་སྤྱོད་བྱས་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་དང་མཛུབ་སྟོན་བྱས། ཁོས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནགས་ཚལ་ཐོན་ཁུངས་ལ་གཏོར་བརླག་ཐེབས་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་མཐུན་སྦྱོར་རོགས་རེས་ལ་ཤུགས་སྣོན་པ། བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ཏེ་དག་ཐེར་ལེགས་བཅོས་བྱ་བའི་དུས་སྐབས་རྗེས་མའི་བྱ་བ་བཟང་བོར་བསྒྲུབ་པར་མཉམ་དུ་འབད་བརྩོན་བྱེད་དགོས།
ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འགྲོ་བ་རྒྱུན་འཁྱོངས་བྱེད་པ། བསླབ་བྱ་བསྡུ་ལེན་ཟབ་མོ་བྱེད་པ། ཉམས་མྱོང་སྤྱི་སྡོམ་ལ་མཐོང་ཆེན་བྱེད་པ་བཅས་བྱས་ཏེ་ནགས་ཚལ་ཐོན་ཁུངས་ལ་གཏོར་བརླག་ཐེབས་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་ཐད་ཀྱི་བྱ་བ་སོ་སོ་ཏན་ཏིག་གིས་བཟང་བོར་སྒྲུབ་དགོས། འཆར་འགོད་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་པ། སྲིད་ཇུས་ལ་ཞིབ་འཇུག་ནན་མོ་བྱེད་པ། ལག་རྩལ་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། ཁྲིམས་ལྟར་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ་བཅས་བྱས་ཏེ་ཁྲིམས་མཐུན་སྒྲིག་མཐུན་ཡོང་བར་འགན་སྲུང་བྱེད་དགོས། བསགས་འབོར་གཙང་སེལ་དང་འཕར་ཚད་བཀག་འགོག་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་ཐག་གཅོད་བཟང་བོ་བྱེད་པའི་ཞོར་དུ་ཁོངས་གཏོགས་ས་ཁུལ་དང་ཁེ་ལས་ཀྱི་འགན་འཁྲི་ཇེ་དམ་ཏུ་བཏང་སྟེ་གནད་དོན་གསར་བ་འབྱུང་བར་བཀག་འགོག་བྱེད་དགོས། ཕྱོགས་གཅིག་ལ་བརྟེན་ནས་ཕྱོགས་ཡོངས་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་ཉེན་ཁ་མེད་པར་བཟོ་བ། བྱ་བ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ཡུན་ཕན་ནང་རྐྱེན་འཛུགས་པ། དག་ཐེར་ལེགས་བཅོས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དོ་དམ་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།