ལིས་ཀྲན་ཧྲུའུ་ཡིས་མགོ་འཛིན་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་བརྒྱ་དང་སོ་གསུམ་པ་བསྡུས།
2023.02.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་བརྒྱ་དང་སོ་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བསྡུས་ཤིང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་བྱས། ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དགུ་པ་ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞི་ཉིན་བར་པེ་ཅིང་དུ་འཚོགས་རྒྱུ་གཏན་འཁེལ་བྱས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དགུ་པའི་ལས་འགན་གལ་ཆེན་ཞིག་ནི། འཚོགས་ལ་ཉེ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་གྲ་སྒྲིག་བྱ་རྒྱུ་དེ་ཡིན། ཨུ་ཡོན་ཀྲང་གི་ཚོགས་འདུའི་སྟེང་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་དགུ་པའི་སྟེང་དུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་མ་ཡིག་ལ་གྲོས་ཞིབ་བྱ་རྒྱུ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིན་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམས་བསྐོ་བྱ་བའི་ལས་དོན་བསྒྲུབས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་རྒྱུ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་འཆར་ཟིན་གྲོས་ཞིབ་གནང་བར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན་གྲོས་ཞིབ་གནང་བར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཟུར་ཞུགས་མི་སྣའི་མིང་ཐོའི་འཆར་ཟིན་གྲོས་ཞིབ་གནང་བར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཅས་ལ་གྲོས་ཞིབ་བྱ་རྒྱུའི་གྲོས་འགོ་བཏོན།

ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་གྲོས་འགོ་བཏོན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དགུ་པའི་གྲོས་རིམ་ལ་ད་དུང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ་དང་། འབྲེལ་ཡོད་བསྐོ་འཐེན་གྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་སོགས་འདུ།

ཨུ་ཡོན་ཀྲང་གི་གྲོས་ཚོགས་སྟེང་དུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དགུ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་བཀོད་སྒྲིག རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་འཆར་ཟིན་དང་། ཉན་རེའི་གྲོས་རིམ་བཀོད་སྒྲིག ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན། ཟུར་ཞུགས་མི་སྣའི་མིང་ཐོའི་འཆར་ཟིན་སོགས་ཀྱི་སྙན་ཞུ་ཕུལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། གཞུང་ལས་ཐིན་ཞིབ་འཇུག་ཁང་བཅས་ཀྱི་འགན་འཁུར་བས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དགུ་པའི་འབྲེལ་ཡོད་གྲོས་རིམ་སོགས་ཀྱི་སྐོར་ནས་སྙན་ཞུ་ཕུལ།

བན་དེ་སྐྱབས་ཀྱིས་བསྒྱུར།