ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་མ་ལག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། གྱོད་གཞིར་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་མ་ལག་གི་སྲིད་གཙང་ཉེན་ཁ་འགོག་སྡོམ་བྱེད་པའི་ཆེད་དོན་བཅོས་སྐྱོང་བྱ་བར་སྐུལ་སློང་དང་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ལིའུ་ཐོ་ཡིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་ཡིན་པ་དང་། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པའི་དོན་སྙིང་གལ་ཆེན་ལྡན་པས། ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱེད་རྒྱུ་དེ་སྤྱིའི་བཀོད་འདོམས་སུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་ཆེད་སྒྲིག་ལམ་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།
ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་མ་ལག་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་སྔར་ལས་གཏན་ཁེལ་གསལ་བོ་བྱེད་པ་དང་། དྲང་གཞག་དང་དག་གཙང་སྒོས་སྲིད་འཛིན་པ། འབད་བརྩོན་དངོས་གཉེར་བྱས་ནས། ཏང་སྲོལ་སྲིད་སྲོལ་བཟང་བོར་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་ཏང་ལ་བློ་དཀར་བོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། དོགས་ཟོན་མཐོན་པོ་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་དགོས། ལས་གཞིའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། ཚད་ལྡན་སྒོས་ལག་བསྟར་བྱེད་པ་དང་གོ་རིམ་ཧྲིལ་བོར་ལྟ་སྐུལ་དོ་དམ་བྱས་ཏེ། ལས་གཞི་འཛུགས་སྐྲུན་གྱི་བདེ་འཇགས་འགག་སྒོ་དང་སྤུས་ཚད་འགག་སྒོ་དམ་སྲུང་བྱེད་དགོས། སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གྱོད་གཞི་མེ་ལོང་དུ་འཛིན་པ་དང་ཉེན་བརྡ་ཡུན་རིང་བོར་བཏང་ནས། ཏང་ཡོན་ལས་བྱེད་པའི་སློབ་གསོ་ལྟ་སྐུལ་དོ་དམ་ཐད་རྒྱུན་མཐུད་ངང་ཤུགས་སྣོན་དགོས། ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཁུངས་འཛིན་རྩ་བཅོས་དང་རྒྱུན་སྐྱོང་ཡུན་ཕན་བྱས་ཏེ། སྒྲིག་སྲོལ་ལམ་ལུགས་ནན་མོར་བརྟེན་ནས་ཉེན་ཁ་བཀག་འགོག་བྱེད་དགོས། ཆེད་དོན་བཅོས་སྐྱོང་སྤེལ་བ་དང་། ཏན་ཏན་ཏིག་ཏིག་སྒོས་བྱ་བ་བཟང་བོར་བསྒྲུབ་ནས། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་བྱེ་བྲག་གི་འགུལ་སྐྱོད་སྟེང་མངོན་པར་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།