ཧྲི་ཐའེ་ཧྥུན་གྱིས་པེ་ཅིང་དུ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོར་ཐུག་འཕྲད་བྱས།
2023.02.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་གྱིས་པེ་ཅིང་དུ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོར་ཐུག་འཕྲད་བྱས།

ཧྲི་ཐའེ་ཧྥུན་གྱིས་པཎ་ཆེན་རིན་པོ་ཆེ་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣར་བོད་ཀྱི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས། ཧྲི་ཐའེ་ཧྥུན་གྱིས་འདས་ཟིན་པའི་ལོ་གཅིག་གི་རིང་ལ། པཎ་ཆེན་རིན་པོ་ཆེ་ཡིས་ཕྱོགས་སོ་སོ་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཏེ།  རེ་བར་པཎ་ཆེན་མཆོག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་རྒྱུ་དང་།  སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། རང་རྟོགས་སྒོས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་དགོས་པར་མ་ཟད། ད་དུང་མུ་མཐུད་དུ་ཡོན་ཏན་འབྱོར་བར་བརྩོན་ལེན་དང་གཤིས་སྤྱོད་བབ་གཙང་ཡོང་བར་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་ཁྲོད་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས་ཞེས་རེ་བ་བཏོན།

པཎ་ཆེན་རིན་པོ་ཆེས་ཧྲི་ཐའེ་ཧྥུན་ལ་ཁ་བཏགས་ཕུལ་ནས་བསྟན་དོན། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བློ་ལ་བརྟན་པོར་ངེས་པར་བྱེད་རྒྱུ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱ་རྒྱུ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་སྒོམ་སྒྲུབ་དང་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་ཕུལ་ནས། ཏང་དང་རྒྱལ་ཁབ་ཀྱི་རེ་བ་ཟབ་མོ་ཆུད་ཟོས་སུ་མི་གཏོང་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།