དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་སོགས་སྡེ་ཁག་བརྒྱད་ཀྱིས་མཉམ་འབྲེལ་སྒོས་བསམ་འཆར་པར་འགྲེམས་བྱས་ནས་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིར་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཤུགས་བསྣན།
2023.02.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཉེ་ལམ། དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། ཁྲལ་དོན་སྤྱི་ཁྱབ་ཅུའུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་སྡེ་ཁག་བརྒྱད་ཀྱིས་མཉམ་འབྲེལ་སྒོས་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་རོགས་སྐྱོར་ལས་དོན་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། ལས་ཞུགས་ནི་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཞིག་ཡིན། རྒྱ་ཆེའི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་བྱས་རྗེས་བཞག་མྱོང་ཞིང་། དེ་ནི་མི་ཤུགས་དང་འཇོན་མིའི་ཐོན་ཁུངས་གལ་ཆེན་ཞིག་ཀྱང་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིར་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི། ལས་ཞུགས་སྔོན་ལ་འཛིན་པའི་འཐབ་ཇུས་དོན་འཁྱོལ་བྱེད་པ་དང་། ལས་ཞུགས་བརྟན་གཏོང་དང་ལས་ཞུགས་ལ་འགན་ལེན་ཡག་པོ་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་དང་། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་འཚོ་བའི་དཀའ་ངལ་སེལ་རོགས་བྱེད་པ་དང་མི་སྒེར་གྱི་རིན་ཐང་མངོན་འགྱུར་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

བསམ་འཆར་ལས་ནན་གྱིས་བསྟན་དོན། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིར་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱ་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ཁྱད་ཆོས་དང་དགོས་མཁོ་དངོས་ནས་རྐང་ཚུགས་པར་བྱས་ཏེ། ལས་འདེམས་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་ལས་གནས་འོས་སྦྱོར་ལ་ཤུགས་སྣོན་པ། ལས་སྐྲུན་དང་སྟབས་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པ། རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱེད་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཡག་པོ་བཀོལ་བ། རྩལ་ནུས་གསོ་སྦྱོང་ཡག་པོ་བྱེད་པ་སོགས་བརྒྱུད་ནས་ལས་གནས་གང་མང་མཁོ་འདོན་བྱེད་པ་དང་། ཐབས་ལམ་མང་པོར་བརྟེན་ནས་འགན་སྲུང་ཡོད་པའི་རོགས་སྐྱོར་བྱས་ཏེ། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་དུས་ཐོག་ཏུ་ལས་ཞུགས་བྱེད་དུ་འཇུག་དགོས།

བསམ་འཆར་ལས་བླང་བྱ་བཏོན་དོན། ས་གནས་དང་སྡེ་ཁག་སོ་སོས་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་འགྲོ་གྲོན་འགན་སྲུང་ལ་ཤུགས་སྣོན་པ། བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། རང་འཁྲིའི་འགན་འཁྲི་ཏན་ཏིག་ངང་འཁུར་བ་དང་། འབྲེལ་ཡོད་མ་དངུལ་སྤྱི་འདོམས་བེད་སྤྱོད་ཡག་པོ་བྱེད་པ། འབྲེལ་མཐུད་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་བཅས་བྱས་ཏེ། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་པར་འགན་ལེན་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།