ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་མནའ་འབྲེལ་ཀྱི་རྩེ་ཚོགས་སྐབས་སོ་དྲུག་པར་གློག་འཕྲིན་བཏང་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་གི་རིང་ལ། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གང་ལེགས་འཇལ་བ་དང་། ཨ་ཧྥེ་རི་ཁའི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། ཨ་ཧྥེ་རི་ཁ་ཡི་གནད་དོན་ཚ་ཤོས་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། ཨ་ཧྥེ་རི་ཁ་ཡི་རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ཟམ་མི་ཆད་པར་ཇེ་ཆེར་འགྲོ་རྒྱུར་སྣེ་ཁྲིད་གང་ལེགས་བྱས། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་མི་དམངས་ཀྱིས་འཕེལ་རྒྱས་དང་དར་རྒྱས་ཀྱི་བགྲོད་ལམ་སྟེང་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལོན་རྒྱུར་སེམས་གཏིང་ནས་སྨོན་འདུན་ཞུས་པ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གཉིས་ལོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དེ་ཕྱོགས་མང་བ་དང་རིམ་པ་མང་བ། སྤུས་ཚད་མཐོ་བ་བཅས་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་ནས། རྒྱལ་སྤྱིའི་ངོས་ནས་བཤད་ན་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་མདུན་གྲལ་དུ་སླེབས་ཡོད། ངས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་དང་ལྷན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གྱིས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།