ལིའུ་ཐའོ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་མགོ་ཁྲིད་ཚན་ཆུང་གི་དོ་དམ་སྒྲིག་ལུགས་བཅོས་སྒྱུར་གྱི་ཆེད་དོན་ཚོགས་འདུར་ཞུགས། 
2023.02.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་མགོ་ཁྲིད་ཚན་ཆུང་གི་དོ་དམ་སྒྲིག་ལུགས་བཅོས་སྒྱུར་གྱི་ཆེད་དོན་ཚོགས་འདུ་ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན་བསྡུས་ཏེ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་དུས་སྐབས་ཀྱི་དོ་དམ་སྒྲིག་ལུགས་བཅོས་སྒྱུར་གྱི་ཇུས་གཞི་ལག་ལེན་དངོས་འབེབས་བྱས་པ་དང་། དོ་དམ་སྒྲིག་ལུགས་བཅོས་སྒྱུར་ལ་སྐུལ་དེད་གཏོང་བའི་བྱ་བར་ཆེད་དོན་ཞིབ་འཇུག་བྱས། ཧྲིན་ཀྲང་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་ཐའོ་ཚོགས་འདུར་ཞུགས་ནས་གཏམ་བཤད་སྤེལ། 

ལིའུ་ཐའོ་ཡིས་བསྟན་དོན། མཚོ་སྔོན་པོ་ནི་མཚོ་སྔོན་གྱི་གསེར་གྱི་མིང་བྱང་ལྟ་བུ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་ངོམས་སའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་སྐབས་ཀྱི་དོ་དམ་སྒྲིག་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་ཅིག་ཡིན་ལ། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་དགོས་མཁོ་གཙོ་བོ་ཡིན་པར་མ་ཟད། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པའི་བྱ་བ་ལེགས་འགྲུབ་འབྱུང་བྱེད་ཀྱི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་ཟེར། 

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། ཁོངས་གཏོགས་ལས་ཁུངས་སོ་སོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་མཛུབ་སྟོན་དུ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ལྟར། བཅོས་སྒྱུར་གྱི་མ་ལག་རང་བཞིན་དང་ཡོངས་ཁྱབ་རང་བཞིན། མཐུན་སྦྱོར་རང་བཞིན། ཕན་ནུས་རང་བཞིན་བཅས་གནད་དུ་བཟུང་ནས་སྤུས་ལེགས་ནུས་མཐོ་ལ་སྐུལ་འདེད་གཏོང་དགོས། གནད་དོན་གྱི་ཁ་ཕྱོགས་དང་དམིགས་འབེན་གྱི་ཁ་ཕྱོགས། མཇུག་འབྲས་ཀྱི་ཁ་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་རིམ་བྱུང་གི་ཉམས་མྱོང་ལ་སྤྱི་བསྡོམས་དང་དཔེར་འཛིན་བྱས་ཏེ། འགན་འཁྲིའི་དབྱེ་བ་གསལ་འབྱེད་དང་འགན་ནུས་ཀྱི་གཏན་གནས་གསལ་བོ་བྱེད་པ། ལས་ཁུངས་ཀྱི་བཀོད་སྒྲིག་ལེགས་སྒྱུར་བྱས་ནས། གཙོ་བོ་དོན་དངོས་དང་འཚམ་ཞིང་འགན་དབང་གཅིག་གྱུར་ཡིན་པ། མཐུན་སྦྱོར་གོ་རིམ་ལྡན་པ། འཁོར་སྐྱོད་ནུས་མཐོ་ཡིན་པའི་དོ་དམ་འཁོར་སྐྱོད་མ་ལག་ཅིག་འཛུགས་དགོས། བཅོས་བསྒྱུར་གྱི་བསམ་བློས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་། ཆེ་ཕྱོགས་ཀྱི་མཐོ་ཚད་ནས་བྱེ་བྲག་ལ་བལྟ་བ་དང་བཅོས་བསྒྱུར་གྱི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ། ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་དངོས་འབེབས་བྱེད་པ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ། བྱ་བའི་སྒྲིག་ལམ་ནན་མོ་བྱེད་པ། བྱ་བའི་འགན་ནུས་དང་བཅོས་སྒྱུར་ལས་འགན་བསྲུབས་མེད་སྦྲེལ་མཐུད་བྱེད་པར་འགན་སྲུང་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཕྱོགས་སྟོན་གྱི་རེ་བ་གཞིར་བཟུང་ཞིང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ཀྱི་དམིགས་འབེན་ལས་འགན་ལ་གཞིགས་ནས། བྱ་བ་སྣ་ཚོགས་ལ་གཅིག་འདོམས་སྐུལ་འདེད་བཏང་སྟེ། དུས་ལྟར་གསར་འཛུགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།