ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་བསྒྲུབས་པའི་ཉིས་སྟོང་ཉེར་གསུམ་ལོའི་བོད་རབ་རྒྱན་ཆུ་མོ་ཡོས་ལོའི་ལོ་སར་ཇ་སྟོན་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་པད་ཁོས་ལོ་སར་གྱི་ཤིས་ཚིག་ཕུལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་ཚོགས་འདུར་ཞུགས། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་འགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་། བློ་མཐུན་རྒན་པ་སངས་རྒྱས་དང་སྟག་འབུམ་ཐར་སོགས་ཚོགས་འདུར་ཞུགས།
པད་ཁོས་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་ལ་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་ཞུས། ཁོས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་མ་ཟད། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་ཀྱི་འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱས་པ་དང་། བོད་འབྲེལ་ཁུལ་དང་རྫོང་སོ་སོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞིཏན་ཏིག་གིས་ལག་བསྟར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་སྔར་མེད་མཐོར་འདེགས་སུ་བཏང་བ་དང་། ཞིང་ཆེན་ཡོངས་སུ་སྐྱེ་ཁམས་ཁོར་ཡུག་ལེགས་པ་དང་། དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་བྱུང་བ། སྤྱི་ཚོགས་རྒྱུན་མཐུད་བརྟན་འཇགས་ཡིན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་རྣམ་པ་བཟང་བོ་མངོན་ཡོད། གྲུབ་འབྲས་འདི་དག་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྟོབས་ལྡན་འགོ་ཁྲིད་གནང་བའི་གྲུབ་འབྲས་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་མང་ཚོགས་རྣམས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་པའི་གྲུབ་འབྲས་རེད། ལོ་གསར་པའི་ནང་དུ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་བསྐོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་བླང་བྱ་ལྟར། བློ་གཅིག་སེམས་གཅིག་གིས་མཐུན་སྒྲིལ་དང་འབད་འཐབ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཟི་ལིང་ན་ཡོད་པའི་བོད་རིགས་ཆེད་མཁས་པ། རིག་གནས་པ་དང་ཚོང་བ། ཆོས་ལུགས་འཐུས་ཚབ་མི་སྣ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར་བཅས་ཚོགས་འདུ་ལ་ཞུགས། ཚོགས་ཐོག་ནས་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་རིག་རྩལ་འཁྲབ་སྟོན་བྱས།
གསར་འགོད་པ། སྐལ་བཟང་རྣམ་རྒྱལ་དང་མི་ཕམ་མགོན་པོ།