ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། གསར་འགོད་པས་ཆུ་བེད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཆུ་བེད་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས། 《ལྷོ་ཆུ་བྱང་འདྲེན་གྱི་ཤར་དབུས་བཟོ་སྐྲུན་གྱི་ཆུ་ལེན་ཁུལ་དུ་ཁྱོན་ཡོངས་ནས་ཆུ་གྲོན་ཆུང་བྱ་རྒྱུར་ཤུགས་སྣོན་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》ཞེས་པ་མཉམ་འབྲེལ་སྒོས་ཁྱབ་བསྒྲགས་བྱས་ནས། ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་ཆུ་ལེན་ཁུལ་གྱི་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།
བསམ་འཆར་ལས་བླང་བྱ་བཏོན་དོན། ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་གྱི་ཆུ་ལེན་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྔོན་ལ་ཆུ་གྲོན་ཆུང་བྱས་པའི་རྨང་གཞིའི་སྟེང་དུ་ཆུ་འདྲེན་རྒྱུ་དང་། སྔོན་ལ་བཙོག་ཆུའི་གནད་དོན་སེལ་རྗེས་ཆུ་འདྲེན་པ། སྔོན་ལ་ཁོར་ཡུག་སྲུང་སྐྱོབ་དང་རྗེས་སུ་ཆུ་བཀོལ་བ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ལྷོ་ཆུ་བྱང་འདྲེན་གྱི་བཟོ་སྐྲུན་ལག་བསྟར་བྱ་རྒྱུ་དང་། ཆུ་ལེན་ཁུལ་གྱི་ཆུ་གྲོན་ཆུང་ལ་གཅིག་གྱུར་གྱིས་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆུ་གྲོན་ཆུང་བྱ་རྒྱུ་དེ་ཆུ་ལེན་ཁུལ་གྱི་རྩ་བའི་ཐབས་ལམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆུའི་ཐོན་ཁུངས་ཀྱི་འགྱུར་མེད་སྡོམ་གཅུན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཆུ་བཀོལ་ལས་ཆོད་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་བ། ཆུ་གྲོན་ཆུང་བྱེད་པའི་ལམ་ལུགས་ཁྱོན་ཡོངས་ནས་འཐུས་ཚང་དུ་གཏོང་བ། ཆུ་གྲོན་ཆུང་བྱེད་པར་དོ་དམ་བྱེད་ཤུགས་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་བ། ཆུ་ལེན་ཁུལ་དུ་ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
བསམ་འཆར་ལས་བསྟན་དོན། ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་ཆུ་ལེན་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཚད་གཞི་སྔར་ལས་མཐོ་བ་དང་དོ་དམ་སྔར་ལས་ནན་མོ་ཡིན་པ། བྱེད་ཐབས་སྔར་ལས་ལེགས་པ་བཅས་སྤྱད་ནས་བསྡོམས་འབོར་ལ་ཚོད་འཛིན་ནན་མོ་བྱེད་པ་དང་། ཆུ་གྲོན་ཆུང་གི་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། ཆུ་གྲོན་ཆུང་གི་ལམ་ལུགས་འཛུགས་པ་དང་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་དང་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་ཆུ་གྲོན་ཆུང་བྱ་རྒྱུར་སྐུལ་འདེད་གཏོང་བ། དུས་ཡུན་རིང་པོའི་ནང་ཆུ་གྲོན་ཆུང་གི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།