ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ནས་ཉིས་སྟོང་ཉེར་གཉིས་ལོའི་བྱ་བར་སྤྱི་བསྡོམས་བྱས་པ་དང་། ད་ལོའི་ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་བྱ་བར་བཀོད་སྒྲིག་བྱས་པར་མ་ཟད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱང་སྒྲོག་དང་བརྙན་འཕྲིན་ལས་བདེ་འཇགས་ངང་གཏོང་བའི་འགན་སྲུང་ལས་འགན་ཡོངས་འགྲུབ་བྱས་པའི་ལས་ཁུངས་ལ་གཟེངས་བསྟོད་བྱས།
གྲོས་ཚོགས་ནས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་བྱ་བ་སྒྲུབ་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་ཆབ་སྲིད་ཀྱི་ལས་འགན་དང་པོར་བཞག་སྟེ། བརྗོད་དོན་དང་གཙོ་སྙིང་དང་དམ་པོར་སྦྲེལ་བ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པར་བསུ་མ་བྱེད་པ་དང་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར། ཞབས་འདེགས་ཞུས་ནས། སྟོབས་ཤུགས་གཅིག་སྡུད་སྒོས་ཁྱད་ཆོས་ཡོད་པའི་བརྩམས་ཆོས་གང་མང་གསར་རྩོམ་བྱས་ཤིང་། བདེ་འཇགས་དྲིལ་སྒྲོག་གྲུབ་འབྲས་མངོན་གསལ་ཡིན་པ་དང་། ལས་རིགས་བཅོས་སྐྱོང་གོ་རིམ་ལྡན་པར་ལག་བསྟར་བྱས་ལ། སྤྱི་ཐུན་ཞབས་ཞུ་སྤུས་འདེགས་རིམ་སྤོར་བྱུང་ལ། ཏང་གི་འཛུགས་སྐྲུན་དང་དཔུང་སྡེ་འཛུགས་སྐྲུན་ཏན་ཏིག་སྒོས་བསྒྲུབས་ནས་ཕན་འབྲས་བཟང་བོ་བླངས།
གྲོས་ཚོགས་ནས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོར་ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་བྱ་བའི་གཙོ་སྙིང་འབུར་དུ་ཐོན་པར་བྱས་ཏེ། འགུལ་སྐྱོད་དྲུག་གཏིང་ཟབ་ཏུ་སྤེལ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་བྱེད་པའི་ནང་དོན་གཅིག་སྡུད་བྱས་ཏེ། གླེང་ཕྱོགས་ཁྲིད་སྟོན་གྱི་མཐོར་འདེགས་འགུལ་སྐྱོད་སྤེལ་དགོས། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་རྐང་བཙུགས་ཏེ་རིག་གནས་མཁོ་འདོན་ཕུན་སུམ་ཚོགས་པར་གཏོང་བ་གཅིག་སྡུད་བྱས་ནས། བརྩམས་ཆོས་གང་མང་གསར་སྐྲུན་བྱེད་པའི་འགུལ་སྐྱོད་སྤེལ་དགོས། མང་ཚོགས་ཀྱི་དགོས་མཁོ་སྐོང་ཞིང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ་གཅིག་སྡུད་བྱས་ཏེ། སྤྱི་ཐུན་ཞབས་ཞུའི་ལེགས་སྒྱུར་འགུལ་སྐྱོད་སྤེལ་དགོས། བདེ་འཇགས་ཐོན་སྐྱེད་ལ་འགན་སྲུང་བྱས་ཏེ་འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་བཏང་ནས། བདེ་འཇགས་དྲིལ་སྒྲོག་གི་སྤུས་འདེགས་་འགུལ་སྐྱོད་སྤེལ་དགོས། ལས་རིགས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ་བྱ་བའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས གཡུལ་སའི་དོ་དམ་དང་གཙང་སྒྱུར་འགུལ་སྐྱོད་སྤེལ་དགོས། འགན་འཁྲི་དང་ལས་འགན་ལག་བསྟར་བྱེད་པའི་རྒྱང་སྒྲོག་བརྙན་འཕྲིན་དཔུང་སྡེ་འཛུགས་སྐྲུན་ནས། དཔུང་སྡེ་འཛུགས་སྐྲུན་དང་བློ་སྦྱོང་འགུལ་སྐྱོད་སྤེལ་བར་མ་ཟད། དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་བྱས་རྗེས་གསར་བ་འཇོག་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།