ཝང་ལིན་ཧུའུ་ཡིས་ཡུས་ཧྲུའུ་ཁུལ་དུ་སྒྲོག་འགྲེལ་རྟོག་ཞིབ་བྱས།
2023.02.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ལིན་ཧུའུ་ཡུས་ཧྲུའུ་ཁུལ་དུ་སོང་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་རྣམ་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཏན་ཏན་ཏིག་ཏིག་གིས་གྲོང་གསེབ་དར་སྤེལ་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་བྱ་བ་བཟང་བོར་བསྒྲུབ་པ། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་ནས། མི་རིགས་ས་ཁུལ་གྱི་གྲོང་གསེབ་དར་སྤེལ་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཡུས་ཧྲུའུ་གྲོང་ཁྱེར་མགྲོན་མདའ་ཡུལ་ཚོ་དོམ་མདའ་སྡེ་བ་རུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོ་སྒྲོག་འགྲེལ་བྱེད་སྐབས། ཝང་ལིན་ཧུའུ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཞིང་གསུམ་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ཞིང་གསུམ་གནད་དོན་ཐག་གཅོད་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བ་གལ་ཆེན་དུ་བརྩི་བ་ནམ་ཡང་རྒྱུན་འཁྱོངས་བྱས། ཁོས་ཚང་མས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ལན་བསམ་པ། ཏང་གི་རྗེས་སུ་འབྲངས་པ་དང་། ཐོན་ཁུངས་ཀྱི་དགེ་མཚན་དང་འབྲོག་ཁུལ་གྱི་ཁྱད་ཆོས་ལ་རྐང་འཛུགས་པ། ཡུལ་ཐོན་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་བཟང་བོ་བྱེད་པ། ཡོང་འཕར་ཕྱུག་སྒྱུར་གྱི་ལམ་བུ་རྒྱ་བསྐྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དེ། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་གནས་ཚུལ་མི་འབྱུང་བའི་ཚད་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱེད་རྒྱུའི་སྐུལ་སློང་བཏང་། ཡུས་ཧྲུའུ་ཁུལ་ཀྲུང་ཁང་དབྱར་རྩྭ་དགུན་འབུའི་བཏུང་ཆུ་ཚད་ཡོད་ཀུང་ཟི་དང་ནོར་བུ་གླིང་མི་རིགས་རྒྱན་ཆས་ཚད་ཡོད་ཀུང་ཟི་རུ། ཝང་ལིན་ཧུའུ་ཡིས་ཁེ་ལས་འཕེལ་རྒྱས་ཀྱི་འཆར་འགོད་དང་ཐོན་སྐྱེད་ཚོང་གཉེར་གནས་ཚུལ། མདུན་དུ་ལྷགས་པའི་དཀའ་ཁག་བཅས་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁེ་ལས་ཀྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ་དང་། ས་ཁོངས་རིག་གནས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ། རང་ས་གནས་ཀྱི་ཚོང་རར་རྐང་འཛུགས་པ་དང་ཁྱད་ལྡན་ཚོང་རྟགས་འཛུགས་སྐྲུན་བྱས་ནས། ཧུར་ཐག་གིས་སྔར་ལས་འཕེལ་རྒྱས་སུ་གཏོང་རྒྱུའི་རེ་བ་བཏོན། ཁོས་བསྟན་དོན། དམངས་གཉེར་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ནི་ཡུས་ཧྲུའུ་ཡི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་སྲོག་ཤིང་ཡིན་པས། གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བ་དང་དཀའ་ཁག་སེལ་བའི་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱེད་པ། ཚོང་རའི་གཙོ་གཞིའི་གསོན་ཤུགས་ཆེར་བསྐྱེད་དེ། ས་གནས་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།