ཁྲིན་ཀང་གིས་ཡུས་ཧྲུའུ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས།
2023.02.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། དྲིན་ཚོར་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་ནས། བདེ་ཐང་དང་དེང་རབས། བདེ་སྐྱིད་བཅས་ཀྱི་འཚོ་བ་རོལ་བའི་མངགས་བཅོལ་ནན་མོ་དེ་དངོས་སུ་མངོན་འགྱུར་བྱེད་དགོས།

ཁྲིན་ཀང་ཡུས་ཧྲུའུ་གྲོང་ཁྱེར་ཤེལ་དཀར་སྲང་ལམ་ཁྲ་འགུ་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དང་གཞི་གྲངས་གྲོང་གསེབ་ལྟ་སྐུལ་ཚོད་འཛིན་ཁང་། རོང་འབྲོག་པའི་ལས་སྤེལ་བྱ་བའི་ཁང་སོགས་དང་སྡེ་མི་ཉི་འབྲུག་ཚང་དུ་སོང་སྟེ་གྲོང་གསེབ་དར་སྤེལ་དང་སྡེ་མིའི་ཐོན་སྐྱེད་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། བོད་ཀྱི་ལོ་སར་ལ་རོལ་བའི་ལས་བྱེད་པ་དང་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་བྱས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དེ་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྔར་ལས་འཕེལ་རྒྱས་སུ་འགྲོ་བ་དང་འཚོ་བ་སྔར་ལས་སྐྱིད་པའི་དོན་དངོས་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་དྲིན་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཚོར་བར་བྱེད་དགོས། ཁྲིན་ཀང་སྟག་སྡེར་རི་བོའི་སྟེང་བུད་དེ་གྲོང་ཁྱེར་འཆར་འགོད་དང་མཁར་གྲོང་ཅན་འཛུགས་སྐྲུན་གནས་ཚུལ་ཡར་ཞུ་བྱས་པར་ཉན་ཏེ་བསྟན་དོན། གྲོང་གསེབ་དར་སྤེལ་དང་རྣམ་པ་གསར་བའི་མཁར་གྲོང་ཅན་མཐུན་སྦྱོར་སྒོས་ལག་བསྟར་བྱས་ཏེ་མུ་མཐུད་དུ་མཁར་གྲོང་རྨང་གཞིའི་སྒྲིག་ཆས་དང་སྤྱི་ཐུན་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དྲན་གསོའི་རྡོ་རིང་ཡོད་ས་རུ་ཁྲིན་ཀང་གིས་རྫ་ཆུའི་བཞུར་ཁོངས་དང་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གནས་ཚུལ་ཞིབ་འདྲི་བྱས་ཏེ་བསྟན་དོན། དུས་དང་རྣམ་པ་ཀུན་ཏུ་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཅངས་ཏེ། འཚོ་བའི་གད་སྙིགས་ཚད་ཉུང་ཅན་དང་ཐོན་ཁུངས་ཅན། གནོད་མེད་ཅན་དུ་བསྒྱུར་བ་དང་། ཁྱབ་ཁོངས་ཧྲིལ་བོ་དག་གཙང་ཡིན་པའི་སྐྱེ་ཁམས་ཆེན་པོའི་རྣམ་པ་གསར་སྐྲུན་བྱས་ནས། སྐྱེ་ཁམས་དཔལ་ཡོན་་གྱི་མཐོ་ས་བསྐྲུན་པར་རོགས་འདེགས་བྱེད་དགོས། པེ་ཅིང་གི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པར་འཚམས་འདྲི་བྱེད་སྐབས། ཁྲིན་ཀང་གིས་ཁོ་ཚོས་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དང་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཐད་ལ་བྱས་རྗེས་བཞག་པར་བཀའ་དྲིན་ཆེ་ཞུས་པ་དང་། ཁོ་ཚོས་ལུས་ཕུང་ལ་གཅེས་སྐྱོང་བྱས་ནས་ཡུས་ཧྲུའུ་ཡི་འཕེལ་རྒྱས་ཐད་ལ་བློ་གྲོས་དང་སྟོབས་ཤུགས་འདོན་རྒྱུའི་རེ་བ་བཏོན།

བཞུགས་མོལ་ཚོགས་འདུའི་སྟེང་། ཁྲིན་ཀང་གིས་ཡུས་ཧྲུའུ་ཁུལ་གྱི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཡུས་ཧྲུའུ་ནི་ཏང་ཀྲུང་དབྱང་གིས་ཧ་ཅང་སེམས་ཁུར་བྱེད་པའི་ས་གནས་ཤིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་བས་ཀྱང་ཐུགས་ཁུར་བྱེད་པའི་ས་གནས་ཤིག་ཡིན། ཡུས་ཧྲུའུ་ཡིས་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན་པས། བསམ་བློའི་བཀག་རྒྱ་གཏོར་བ་དང་འདུ་ཤེས་རྙིང་བ་སྒྱུར་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནས་བྱ་བ་བཟང་བོར་སྒྲུབ་པ་དང་། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པར་མ་ཟད་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བཟང་བོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་དང་སྐྱེ་ཁམས་ཉམས་གསོའི་ལས་གཞི་ལག་བསྟར་བཟང་བོ་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བ་བཟང་བོར་སྒྲུབ་སྟེ། ས་བབ་མཚོན་བྱེད་ཀྱི་ཁས་ལེན་དཔང་ཡིག་ལག་བསྟར་བཟང་བོ་བྱེད་པ་དང་། ཤུགས་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ། རིག་གནས་དང་ལུས་རྩལ། གནས་སྐོར་བཅས་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཡུལ་སྐོར་ལས་རིགས་དེ་ནུས་པ་ཆེན་པོ་ལྡན་པའི་དམངས་ཕྱུག་ཐོན་ལས་སུ་འགྱུར་བར་བྱེད་པ་དང་། རི་གཉིས་འདུ་ཤེས་ལག་ལེན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས། མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བྱ་བ་བཟང་བོར་སྒྲུབ་སྟེ། སྡེ་བ་དང་དགོན་པ་མཉམ་བཅོས་བྱེད་པའི་ཉམས་མྱོང་དང་སྒྲུབ་སྟངས་སྤྱི་བསྡོམས་བྱས་ཏེ། དགོན་པའི་དོ་དམ་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་གཙོ་སྙིང་དུ་བཟུང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་བློའི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པར་ནུས་ལྡན་སྒོས་སྐུལ་འདེད་གཏོང་དགོས། དམངས་ཚིས་ལེགས་བཅོས་དང་བདེ་སྐྱིད་སྐྲུན་བྱེད་པའི་བྱ་བ་བཟང་བོར་སྒྲུབ་སྟེ། ཏན་ཏན་ཏིག་ཏིག་སྒོས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། བློ་ཐག་རྦད་ཆོད་སྒོས་གཞི་ཁྱོན་ཆེ་བའི་སྒོ་ནས་ཡར་བསྐྱར་དབུལ་ཕོངས་སུ་མི་འགྱུར་བའི་ཚད་མཐའ་བརྟན་སྲུང་བྱེད་པ། གྲོང་གསེབ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་འཆར་འགོད་གནད་དོན་ལ་ཞིབ་འཇུག་ནན་མོ་བྱས་ནས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་བ་བཟང་བོར་སྒྲུབ་སྟེ། འཐབ་རྩོད་སྙིང་སྟོབས་དར་སྤེལ་བྱེད་པ་དང་། འཐབ་རྩོད་ནུས་པ་ཇེ་ཆེར་གཏོང་བ། དཀའ་ཁག་གི་མདུན་དུ་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པ་དང་། ཉེན་ཁའི་མདུན་དུ་ཧུར་ཐག་སྒོས་ཁ་གཏད་འཇལ་ཞིང་རྒྱུན་མཐུད་སྒོས་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་སྙིང་སྟོབས་སྔར་ལས་ཇེ་ཆེར་གཏོང་དགོས།

ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།

                                                                                                      བཀྲ་ཤིས་འབུམ་གྱིས་བསྒྱུར།