ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་ཡོངས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་ཁོངས་གཏོགས་ཀྱི་ཆེད་དོན་བཅོས་སྐྱོང་གཞི་གཅིག་ཅན་ལ་བརྟེན་ནས་རུལ་སུངས་མི་བྱེད་པ་གསུམ་སྤེལ་བའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ལ། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་བྱ་བའི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།
གྲོས་ཚོགས་ནས་བསྟན་དོན། བཟོ་སྐྲུན་འཛུགས་སྐྲུན་ཁོངས་གཏོགས་ཀྱི་ཆེད་དོན་བཅོས་སྐྱོང་གཞི་གཅིག་ཅན་ལ་བརྟེན་ནས་རུལ་སུངས་མི་བྱེད་པ་གསུམ་སྤེལ་བའི་བྱ་བ་བསྒྲུབས་པ་དེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རུལ་སུངས་ལ་གུ་ཡངས་གཏན་ནས་མི་གཏོང་བའི་ལངས་ཕྱོགས་བརྟན་པོ་དང་རྣམ་འགྱུར་གསལ་བོ་མཚོན་པར་བྱས་ཡོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འབུར་ཐོན་གནད་དོན་གསལ་བོར་འཚོལ་བ། མི་འདང་ས་ཁ་གསབ་བྱས་ནས་རང་འགུལ་སྒོས་ཆེད་དོན་བཅོས་སྐྱོང་བྱ་བར་ཕན་འབྲས་ཐོབ་པར་སྐུལ་འདེད་ནུས་ལྡན་གཏོང་དགོས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་དམིགས་འབེན་ལས་འགན་ལ་དམིགས་ནས་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་བཤེར་ཞིབ་བྱས་ཏེ་དོན་རྩ་གསལ་བོ་དང་གནས་ཚུལ་གསལ་བོ། གཞི་གྲངས་ཡང་དག་པར་བྱེད་དགོས། རྣམ་གྲངས་ཀྱི་ཐབས་ཇུས་མཆན་འགོད་དང་རྣམ་གྲངས་ལག་བསྟར། མ་དངུལ་དོ་དམ་སོགས་གནད་འགག་གི་གོ་རིམ་ལ་དམིགས་ནས་བཅོས་སྒྲིག་ཕན་འབྲས་ཇེ་དྲག་ཏུ་གཏོང་དགོས། ཟིལ་ཤུགས་ཕན་འབྲས་ལ་དམིགས་ནས་གྱོད་གཞིར་རྟོག་ཞིབ་ནན་མོ་བྱེད་པ་དང་གྱོད་གཞིར་རྩད་གཅོད་ནན་མོ་བྱས་ཏེ་གྱོད་གཞིས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་ཕན་འབྲས་སྲུང་འཛིན་བྱེད་དགོས། རྩ་ལག་མཉམ་བཅོས་བྱེད་པར་དམིགས་ནས་ཞིབ་བཤེར་བཅོས་སྒྲིག་དང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཕན་ནུས་ལྡན་པའི་སྒྲིག་སྲོལ་གྱིས་རུལ་སུངས་གནད་དོན་ལ་འགོག་ཟོན་དང་བཅོས་སྐྱོང་བྱེད་དགོས། བྱ་བའི་འགན་འཁྲི་ནན་ཁུར་བྱེད་པ་དང་ལྟ་སྐུལ་དོ་དམ་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ། ལྟ་ཞིབ་མཉམ་ཤུགས་གཅིག་ཏུ་བསྡུ་བ། ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་ཇེ་དྲག་ཏུ་གཏོང་བ། བྱེད་ཐབས་སྣ་མང་མཉམ་དུ་འདོན་པ་དང་ཆེད་དོན་བཅོས་སྐྱོང་བྱ་བར་སྐུལ་འདེད་གཏོང་བར་སྔར་ལས་ལྷག་པའི་བཅོས་སྐྱོང་ཕན་འབྲས་ཐོབ་པར་བྱེད་དགོས།
མི་ཕམ་མགོན་པོས་བསྒྱུར།