ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་སྐབས་དང་པོ་ཀྲུང་དབྱང་ཏང་གི་སློབ་གྲྭ་རུ་འཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས་ནས་གཏམ་བཤད་དེ་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཆ་ཚང་བ་དང་ནོར་བ་མེད་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས། “གཏན་ཕབ་གཉིས”ལ་གོང་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་ལས་ཆེ་རུ་བཏང་ནས། ཏང་དང་མི་དམངས་ཀྱིས་བཅོལ་བའི་འགན་འཁྲི་དང་ལས་འགན་སྔར་ལས་ཡག་པོར་འཁུར་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ལས་དོན་སྣ་ཚོགས་ཏན་ཏིག་ངང་སྒྲུབ་དགོས།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཟབ་མོ་བྱེད་ཆེད། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ད་ལོའི་ཟླ་གཉིས་པ་ནས་ཟླ་བཞི་པའི་བར་དུ། ཀྲུང་དབྱང་ཏང་གི་སློབ་གྲྭས་བགྲོ་གླེང་འཛིན་གྲྭ་སྐབས་བཞི་བསྡུས་ཏེ། ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་ལས་བྱེད་པར་གཅིག་སྡུད་སྒོས་རེས་སྐོར་ཟབ་སྦྱོང་སྤེལ་རྒྱུ་རེད།
ཚའེ་ཆི་ཡིས་གཏམ་བཤད་སྐབས་བསྟན་དོན། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་དེའི་ཆེས་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ་དེ་ཡིན།“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ལ་གོ་བ་གཏིང་ཟབ་ལེན་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མ་ཡིག་ལ་ཇི་མ་ཇི་བཞིན་གྱི་སྒོ་ནས་སློབ་སྦྱོང་བྱེད་པ་དང་བགྲོ་གླེང་སློབ་སྦྱོང་གཏིང་ཟབ་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་བཅས་བྱས་ནས། སློབ་སྦྱོང་གི་ཕན་འབྲས་དེ་ཉིད་ལས་གཉེར་ལས་སྐྲུན་གྱི་བྱ་སྤྱོད་དངོས་ལ་བསྒྱུར་ཏེ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་ནས་ལས་མགོ་ཡག་པོ་ཞིག་རྩོམ་ཐུབ་པ་མངོན་འགྱུར་བྱེད་དགོས།
ཧྲི་ཐའེ་ཧྥུན་དང་ལིས་ཀན་ཅེ། ལི་ཧྲུའུ་ལུའེ། ཁྲིན་ཝུན་ཆིན། ལིའུ་ཅིན་གོ ཝང་ཞའོ་ཧུང་བཅས་བགྲོ་གླེང་འཛིན་གྲྭ་འཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་། ཁྲིན་ཞི་ཡིས་བགྲོ་གླེང་འཛིན་གྲྭ་འཚོགས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།