ཞི་ཅིན་ཕིང་གིས་ཞི་ལ་རྒྱལ་ཁབ་ཀྱི་མཁས་པར་འཕྲིན་ལན་བསྐུར།
2023.02.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 150

ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡ་ཏེན་སློབ་ཆེན་གྱི་ཝེ་ཨར་ཝེ་ཏ་ཅི་ཟི་སོགས་ཞི་ལ་རྒྱལ་ཁབ་ཀྱི་མཁས་པར་འཕྲིན་ལམ་བསྐུར་ནས། ཀྲུང་གོ་དང་ཞི་ལའི་ཤེས་རིག་མིག་ལྟོས་ལྟེ་གནས་བཙུགས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཤེས་རིག་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། གནའ་བོའི་ཞི་ལ་རྒྱལ་ཁབ་ཀྱི་ཤེས་རིག་ལའང་ཤུགས་རྐྱེན་ཆེན་པོ་ལྡན། ལོ་སྟོང་གཉིས་ལྷག་གི་སྔོན་ལ། ཀྲུང་གོ་དང་ཞི་ལ་ཡི་ཤེས་རིག་ཆེན་པོ་གཉིས་ལ་ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་མཐའ་གཉིས་སུ་གཟི་མདངས་ལམ་ལམ་འཕྲོས་པ་དེས། མིའི་རིགས་ཀྱི་ཤེས་རིག་རིམ་འགྱུར་ཐད་རྨང་འདིང་བའི་ལེགས་སྐྱེས་ཆེན་པོ་ཕུལ། དེང་སྐབས་རྒྱལ་ཁབ་གཉིས་ཀས་ཀྲུང་གོ་དང་ཞི་ལའི་ཤེས་རིག་མིག་ལྟོས་ལྟེ་གནས་བཙུགས་ནས། ཀྲུང་གོ་དང་ཞི་ལའི་བརྗེ་རེས་དང་མིག་ལྟོས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཁག་གི་ཤེས་རིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་ཀྱིན་པ་ལ་ལོ་རྒྱུས་དང་དུས་རབས་ཀྱི་ངོས་ནས་བཤད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཞེས་གསུངས།

ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་རིང་མོའི་ཁྲོད་དུ། མི་རིགས་སོ་སོས་རང་སྟེང་གི་ཁྱད་ཆོས་དང་ཚད་ཤིང་ལྟ་བུའི་ཤེས་རིག་བསྐྲུན་ནས། མིའི་རིགས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་ཤེས་རིག་གི་རྣམ་པར་བཀྲ་བའི་མེ་ཏོག་ལྡུམ་ར་མཉམ་སྐྲུན་བྱས། ཤེས་རིག་སྣ་མང་ནི་མི་རིགས་ཁག་གི་ལོ་རྒྱུས་འཚོལ་ཞིབ་དང་གསར་འབྱེད་ཀྱི་ཕུན་སུམ་ཚོགས་པའི་གསོག་འཇོག་ཅིག་ཡིན་ལ། ད་ལྟའི་མི་རིགས་ཁག་འཚོ་གནས་དང་འཕེལ་རྒྱས་ཡོང་བར་མཁོ་བའི་ཁྲིད་སྟོན་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་པ་ལ། ཅིས་ཀྱང་ཤེས་རིག་སྣ་མང་གི་རྒྱུན་རིང་བའི་འབྱུང་ཁུངས་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་ངེས་པར་དུ་ཤེས་རྟོགས་གཏིང་ཟབ་དང་སྟངས་འཛིན་གཏིང་ཟབ་བྱས་ཏེ། ཤེས་རིག་མཐའ་དག་གི་སྙིང་བཅུད་ལ་བརྟེན་ནས་དེང་སྐབས་དང་མིའི་རིགས་ལ་བདེ་སྐྱིད་བསྐྲུན་དགོས། ཀྲུང་གོ་དང་ཞི་ལའི་ཤེས་རིག་མིག་ལྟོས་ལྟེ་གནས་ཀྱིས་དེའི་ཐད་བྱས་རྗེས་ཆེན་པོ་འཇོག་ངེས་པར་ཡིད་ཆེས་ཆེན་པོ་ཡོད་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་གནའ་བཟང་དེང་སྤྱོད་དང་སྔ་འཛིན་ཕྱི་གཏོད་བྱེད་དགོས། ལོ་རྒྱུས་ཀྱིས་རིས་མེད་མཉམ་སྡུད་དང་སྒོ་འབྱེད་ཁོང་ཡངས་རྒྱུན་འཁྱོངས་བྱས་པ་ཡིན་ན། གཞི་ནས་མིའི་རིགས་ཀྱི་ཤེས་རིག་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་ཡོང་ཐུབ་པ་ར་སྤྲོད་བྱས་ཡོད། དེང་སྐབས་ཀྱི་འཛམ་གླིང་འདི་ཉིད་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་དངོས་སུ་འཕྲད་ཡོད་པས། མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགལ་བ་དང་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པར་ཅིས་ཀྱང་། དངོས་པོའི་བྱེད་ཐབས་ལ་བརྟེན་ནས་མཁྲེགས་གཏོར་དཀའ་སེལ་བྱེད་དགོས་ལ། བསམ་པའི་སྟོབས་ཤུགས་ལ་བརྟེན་ནས་ལྷག་བསམ་ཟོལ་མེད་མཚོན་ཐུབ་དགོས། ཀྲུང་གོ་དང་ཞི་ལའི་ཤེས་རིག་ལ་མངའ་བའི་རིན་ཐང་ལྟ་བ་དང་འཛམ་གླིང་ལྟ་བ། འཇིག་རྟེན་ལྟ་བ། མི་ཚེའི་ལྟ་བ། ཚན་རིག་ལྟ་བ། རིག་གནས་ལྟ་བ་སོགས་རྒྱ་ཆེ་ལ་གཏིང་ཟབ་པ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་དབང་གིས། མིའི་རིགས་ཀྱིས་དུས་རབས་ཀྱི་དཀའ་གནད་སེལ་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བསམ་པའི་ཁྲིད་སྟོན་གལ་ཆེན་འདོན་སྤྲོད་བྱེད་ཐུབ་པར་ཐེ་ཚོམ་མེད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།