རང་ཞིང་གིས་ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་རྡལ་བཞི་འཛུགས་སྐྲུན་བྱེད་རྒྱུ་རེད།
2023.02.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ས་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་རང་ཞིང་གིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་། ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་འདེགས་སྐྱོར་དུ་བྱེད་པ། སྤུས་ཚད་མཐོ་བའི་ངང་ནགས་རྩྭ་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་སུ་གཏོང་བའི་བྱ་བ་སྣ་ཚོགས་བཟང་བོར་སྤེལ་བ། ཧུར་ཐག་གིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་རྒྱུ་རེད།

ད་ལོར། རང་ཞིང་གིས་མུ་མཐུད་དུ་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་བྱ་བ་སྤེལ་བ་དང་། རྨ་ཆུའི་བཞུར་རྒྱུད་དང་ཙོང་ཆུའི་འགྲམ་རྒྱུད་ཀྱི་ལྗང་མདོག་སྐྱེ་ཁམས་བར་ཁྱམས། ཟི་ལིང་དང་མཚོ་ཤར་གྱི་ལྷོ་བྱང་རི་སོགས་ཁུལ་ཁོངས་གཙོ་བོའི་ལྗང་སྒྱུར་རྒྱ་སྐྱེད་འགུལ་སྐྱོད་སྤེལ་ནས། ལོ་ཧྲིལ་བོའི་ནང་རྒྱལ་ཁོངས་སྤྱི་ཆིང་འབུམ་གཉིས་དང་ཁྲི་དྲུག་སྟོང་བདུན་ལྗང་སྒྱུར་བྱེད་པ་དང་། ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་རྡལ་བཞི་དང་ནགས་ཚལ་གྲོང་སྡེ་དྲུག་གསར་དུ་འཛུགས་སྐྲུན་བྱེད་རྒྱུ་རེད། སྤྱི་གླིང་དང་མཛེས་ལྗོངས་བགྲོད་ལམ། ཁྱིམ་ར་ལྗང་སྒྱུར། ཕྱོགས་བཞི་ལྗང་སྒྱུར། ཞིང་སྡེའི་ལྗང་མདོག་བགྲོད་ལམ་སོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་བར་སྟོང་གི་གྲུབ་ཚུལ་སྔར་ལས་ལེགས་སྒྱུར་བྱེད་པ། ལོ་ཧྲིལ་བོའི་ནང་སྡོང་བོ་བྱེ་བ་གཅིག་དང་སྟོང་ལྔ་འཛུགས་རྒྱུའི་འཆར་གཞི་ཡོད།

རྩྭ་ཐང་ནི་རང་ཞིང་གི་ཁྱབ་རྒྱ་ཆེས་ཆེ་བ་དང་རྒྱ་ཁྱོན་ཆེས་ཆེ་བའི་སྐམ་སའི་སྐྱེ་ཁམས་མ་ལག་ཡིན་པ་དང་། མཚོ་སྔོན་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ཁྲོད་ཐུན་མོང་མ་ཡིན་པའི་དམིགས་བསལ་གྱི་གོ་གནས་གལ་ཆེན་ཟིན། ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར། རང་ཞིང་གིས་ས་ནག་རིགས་ཀྱི་ཞན་འགྱུར་རྩྭ་སར་བཅོས་སྐྱོང་བྱེད་པའི་ལོ་ལྔའི་འགུལ་སྐྱོད་སྤེལ་བ་དང་། ནུས་ཤུགས་དང་གོ་རིམ་ལྡན་པའི་སྒོ་ནས་ཞན་འགྱུར་རྩྭ་ས་བཅོས་སྐྱོང་དང་གནོད་ལྡན་སྐྱེ་དངོས་འགོག་སྡོམ། མིས་བཟོས་རྩྭ་ས་སོགས་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པ། རྩྭ་ཕྱུགས་དོ་མཉམ་གྱི་དཔེ་སྟོན་རྫོང་དང་རྒྱལ་ཁབ་རྩྭ་སའི་རང་བྱུང་སྤྱི་གླིང་ཚོད་ལྟ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལོ་ཧྲིལ་བོའི་ནང་ཞན་འགྱུར་གྱི་རྩྭ་ས་ཧ་ལམ་སྤྱི་ཆིང་འབུམ་གཉིས་དང་ཁྲི་གཅིག་སྟོང་གསུམ་ལ་བཅོས་སྐྱོང་བྱེད་རྒྱུ་ཡིན་པ་དང་། བྱེ་ས་སྤྱི་ཆིང་ཁྲི་བརྒྱད་ལ་བྱེ་འགོག་བྱེ་བཅོས་བྱས་ཏེ། བྱེ་ཁུལ་གྱི་སྐྱེ་ཁམས་རྩོལ་ནུས་སྔར་ལས་ཇེ་བཟང་དུ་གཏོང་རྒྱུ་རེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བརླན་སར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་བརླན་སར་མ་ལག་བཅོས་སྐྱོང་བྱེད་པ། མདོ་ལ་རི་བོའི་བརླན་སའི་ཆུ་ཁུངས་བསྐྱིལ་གསོག་སོགས་བརླན་སར་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་བཟོ་སྐྲུན་ཆེན་པོ་སྐོར་ཞིག་ལག་བསྟར་བྱེད་པ་དང་། རྒྱལ་སྤྱིའི་བརླན་ས་གལ་ཆེན་དང་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་འཛུགས་སྐྲུན་བྱེད་རྒྱུའི་སྙན་ཞུ་འབུལ་བ། སྟོབས་ཤུགས་ཡོད་རྒུས་ཆུ་དམར་ལེབ་ཀྱི་བདེ་ཆུའི་འགོ་ཁུངས་དང་རྩེ་ཁོག་གི་རྩེ་ཆུ། པད་མའི་རྨ་ཁོག་ཆུ་བོ། ཝུའུ་ལན་གྱི་ཏུའུ་ལན་མཚེའུ། ཏུའུ་ལན་གྱི་ཨ་ལ་ཁི་མཚེའུ་སོགས་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་གྱི་མིང་ཐོའི་ནང་འཇོག་པར་སྐུལ་འདེད་གཏོང་རྒྱུ་རེད།

གསའ་དང་དགོ་བ་སོགས་རྩ་ཆེ་ཞིང་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་བརྟག་བཤེར་ལྟ་ཞིབ་སྤེལ་བ་དང་། ཚན་རིག་མཐུན་པའི་སྒོ་ནས་རྩ་ཆེ་ཞིང་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་སར་དཔྱད་འཇོག་བྱེད་པ། ལུགས་དང་མཐུན་པའི་སྒོ་ནས་མཐའ་མཚམས་དབྱེ་འབྱེད་གསལ་བོ་བྱེད་རྒྱུ་ཡིན་པ་དང་། མདོ་དབུས་མཐོ་སྒང་གི་འདབ་ཆགས་ལ་བལྟ་བའི་འགྲན་སྡུར་དང་གསའ་དང་དགོ་བའི་རྒྱལ་སྤྱིའི་སྲུང་སྐྱོབ་ཚོགས་ཆེན་ལ་གྲ་སྒྲིག་དང་འཆར་འགོད་བྱས་ནས། སྤྱི་ཚོགས་ཡོངས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་ཞུགས་པའི་སེམས་ཤུགས་ཆེ་རུ་བསྐྱེད་རྒྱུ་ཡིན་ལ། དེ་དང་མཉམ་དུ། ཟི་ལིང་རྒྱལ་ཁབ་སྐྱེ་དངོས་ར་བ་འཛུགས་སྐྲུན་བྱེད་པའི་སྔོན་དུས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་གཞི་རྒྱུ་མཛོད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།