ལིའུ་ཁྲའོ་ཡིས་ཟི་ལིང་རྒྱལ་ཁབ་རིམ་པའི་མཉམ་འབྲེལ་དྲ་བའི་རྐང་འཛིན་ཐད་འབྲེལ་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བར་རྟོག་ཞིབ་བྱས།
2023.02.22 ཁུངས། ཀློག་གྲངས། 9

ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་ཟི་ལིང་རྒྱལ་ཁབ་རིམ་པའི་མཉམ་འབྲེལ་དྲ་བའི་རྐང་འཛིན་ཐད་འབྲེལ་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བར་ལྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་མཐིལ་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། སྤུས་ཚད་མཐོ་ཞིང་ཕན་ཕྱོད་ཆེ་བའི་མཉམ་འབྲེལ་དྲ་རྒྱའི་རྐང་འཛིན་ཐད་འབྲེལ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སྔ་མོ་ནས་དྲ་ལམ་དུ་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས། 

ལིའུ་ཁྲའོ་ཞིང་ཆེན་བརྡ་འཕྲིན་དོ་དམ་ཅུའུ་དང་མཚོ་སྔོན་གློག་འཕྲིན་ཀུང་ཟི། མཚོ་སྔོན་དབྱི་ཏུང་ཀུང་ཟི། མཚོ་སྔོན་ལེན་ཐུང་ཀུང་ཟི་བཅས་སུ་སོང་ནས་རྐང་འཛིན་ཐད་འབྲེལ་ཁུལ་འཛུགས་སྐྲུན་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་བྱས་ཤིང་། བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས་ནས་དུས་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཁོས་བསྟན་དོན། རང་ཞིང་གིས་ཟི་ལིང་རྒྱལ་ཁབ་རིམ་པའི་མཉམ་འབྲེལ་དྲ་རྒྱའི་རྐང་འཛིན་ཐད་འབྲེལ་ཁུལ་འཛུགས་པར་ཆོག་མཆན་ཐོབ་པ་ནི། ཆ་འཕྲིན་འཕྲིན་སྐྱེལ་ཕྱོགས་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་གང་མགྱོགས་སྒོས་ཁ་གསབ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གཞི་གྲངས་དཔལ་འབྱོར་དང་ཁྱད་པར་དུ་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།  རྨང་གཞིའི་གློག་འཕྲིན་ཁེ་ལས་སོ་སོས་གཏན་འཁེལ་བྱས་པའི་བྱ་བའི་བཀོད་སྒྲིག་ལྟར། སྡེ་ཚོགས་སྤྱི་ཁྱབ་པུའུ་ཡི་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱེད་པ་དང་། ལས་དུས་ལྡོག་སྒྲིག་དང་། ལས་རིམ་དྲང་སྒྲིག་བྱས་ཏེ། སྤུས་ཚད་མཐོ་ལ་ལས་ཕྱོད་བཟང་བའི་སྒོ་ནས་ལས་གཞི་མཆན་འགོད་དང་། སྒྲིག་ཆས་ཚད་ལེན་ཉོ་བསྡུ། ལས་བཟོ་བའི་རྩ་འཛུགས་སོགས་བྱ་བ་འཛུགས་སྐྲུན་བྱས་ནས། རྐང་འཛིན་ཐད་འབྲེལ་ཁུལ་སྔ་མོ་ནས་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས།  ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་སོ་སོ་དང་ས་གནས་སྲིད་གཞུང་གིས་མཉམ་འབྲེལ་ལ་ཤུགས་བསྣན་ནས། མ་དངུལ་གྱི་རྒྱབ་སྐྱོར་དང་འཁོར་སྐྱོད་སྒྲིག་སྲོལ་འཛུགས་སྐྲུན་སོགས་བྱ་བར་མཐུན་སྦྱོར་སྒོས་སྒྲུབ་སྟེ། རྐང་འཛིན་ཐད་འབྲེལ་ཁུལ་དེ་ཤུགས་ཡོད་དང་ཕན་ཡོད། གོ་རིམ་ཡོད་པ་བཅས་ཀྱི་སྒོ་ནས་འཛུགས་པར་ཁག་ཐེག་བྱེད་དགོས། 


སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།