ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་སྒྲིག་འཛུགས་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ་དང་། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། འཐུས་ཚབ་ཚོགས་པའི་བྱ་བའི་སྒྲིག་གཞིའི་ཚན་ཆུང་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱི་གྲ་སྒྲིག་བྱ་བའི་འཕེལ་རིམ་གནས་ཚུལ་ཡར་ཞུ་བྱས་པར་ཉན་ལ། རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཝང་ལིས་མེན་གྱིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ནི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་གནད་འགག་དུས་སྐབས་སུ་བསྡུ་བའི་གྲོས་ཚོགས་གལ་ཆེན་ཞིག་རེད། སྒྲིག་འཛུགས་བྱ་བ་མགོ་བརྩམས་པའི་ཚུན་ལ། ཚན་ཆུང་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་འགྱུར་མེད་ཀྱི་རྣམ་འགྱུར་དང་ཚད་མཐོའི་མཐོང་ཆེན། མགྱོགས་མྱུར་ངང་འགུལ་སྐྱོད་བྱས་ནས་ཕན་ནུས་ལྡན་པའི་ཞིབ་ཕྲའི་བྱ་བ་མང་པོ་བསྒྲུབས།
ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། བསམ་བློའི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ལངས་གནས་མཐོར་འདེགས་སུ་བཏང་ནས་ཚད་མཐོའི་ཆབ་སྲིད་ལས་འགན་འཁུར་སེམས་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཀྱིས་ཞབས་ཞུ་འགན་སྲུང་བྱ་བ་ཁག་གཟབ་ནན་གྱིས་སྒྲུབ་ནས་འཐུས་མིས་ལས་སྒྲུབ་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ནས་ཚོགས་ཆེན་བསྡུ་བའི་ལས་འགན་ཁག་བདེ་ལེགས་ངང་འགྲུབ་པར་འགན་སྲུང་བྱེད་དགོས། ལས་འགན་ཁག་བགོས་གསལ་བོ་དང་བྱ་བའི་འཕེལ་རིམ་དམ་འཛིན་བྱེད་པ། གཟབ་ནན་དང་ཞིབ་ཅིང་ཕྲ་བའི་བྱ་བའི་སྤྱོད་ཚུལ་དང་དངོས་གཉེར་གྱི་བྱ་བའི་རྣམ་འགྱུར་བཟུང་ནས་བྱ་བ་དངོས་འབེབས་བཟང་བོ་བྱེད་དགོས། རྩ་འཛུགས་མཐུན་སྦྱོར་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་ཚོགས་འདུའི་སྒྲིག་ལམ་ནན་མོར་འཛིན་པ། བྱ་བའི་མཉམ་ཤུགས་ཇེ་དྲག་ཏུ་བཏང་ནས་ཆབ་སྲིད་ཐད་ཀྱི་སྤྲོ་སེམས་དང་བསམ་པའི་རྣམ་འགྱུར་བཟང་བོ། བྱ་བའི་ཚད་གཞི་མཐོན་པོ། སྒྲིགགཅུན་སྤྱོད་ཚུལ་ནན་མོ་བཟུང་ནས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ངང་མཚོ་སྔོན་འཐུས་ཚབ་ཚོགས་པས་བྱ་བ་བཟང་བོར་སྒྲུབ་པ་དང་འཐུས་མིར་ཞབས་ཞུ་བཟང་བོ་ཞུས་ནས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཚོགས་དང་ཚོགས་ཆེན་བདེ་ལེགས་ངང་བསྡུ་བར་འགན་སྲུང་བྱེད་དགོས།
མི་ཕམ་མགོན་པོས་བསྒྱུར།