ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། བསམ་ཕྱོགས་གསར་སྐྲུན་དང་དཀའ་སྤྱད་འབད་བརྩོན་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་དེང་རབས་ཅན་གྱི་མགོ་ལོག་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
རྨ་ཆེན་རྫོང་རྟ་བོར་གྲོང་རྡལ་ཡོན་པོ་སྡེ་བ་རུ་ཁྲིན་ཀང་ཕྱུགས་རའི་ནང་སོང་སྟེ་ཚད་ལྡན་ཅན་གྱི་གསོ་སྤེལ་དང་ཕྱུགས་རྩྭ་དོ་མཉམ། ས་ནག་ཐང་བཅོས་སྐྱོང་། འབྲོག་པའི་ཡོང་སྒོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ་བསྟན་དོན། མཐོ་སྒང་གི་ཁྱད་ལྡན་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྒྱུན་མཐུད་སྒོས་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྣེ་ཁྲིད་བྱེད་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ལྡན་ཐོན་ལས་ར་བའི་ནང་དུ་ཁྲིན་ཀང་གིས་མགོ་ལོག་ཁུལ་དང་དེ་མིན་རྫོང་སོ་སོའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གནས་ཚུལ་ཞིབ་འདྲི་བྱས་ཏེ་བསྟན་དོན། མཐོ་སྒང་གི་ཐོན་ཁུངས་གནས་བབ་ལ་རྐང་བཙུགས་ཏེ། དེང་རབས་ཕྱུགས་ལས་འཕེལ་རྒྱས་ཀྱི་མ་ལག་གསར་བ་མྱུར་དུ་གསར་སྐྲུན་བྱེད་དགོས། ཁུལ་ནགས་རྩྭ་ཅུའུ་ནས་ཁྲིན་ཀང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་མགོ་ཁུངས་ས་ཁུལ་འཛུགས་སྐྲུན་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་འགན་འཁྲི་གཙོ་བོ་ཕྲག་ཏུ་བླངས་ཏེ། སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། སྔོན་ཐོན་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་མཁས་པར་བྱེད་པ། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་བྱེད་པའི་ཡུན་རིང་ནུས་ལྡན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ཁུལ་སྤྱི་བདེ་ཅུའུ་ཉེན་རྟོག་ལས་དོན་སྦྱོང་བརྡར་རྟེན་གཞི་ནས་ཁྲིན་ཀང་གིས་སྤྱི་ཚོགས་བཅོས་སྐྱོང་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། གཞི་རིམ་ཉེན་རྟོག་ལས་དོན་ས་ཚིགས་ཀྱི་བྱ་བར་ཞིབ་བཤེར་བྱས་ཏེ་བསྟན་དོན། གནས་ཚུལ་གསར་བ་དང་གནད་དོན་གསར་བར་མུ་མཐུད་དུ་ཞིབ་འཇུག་བྱས་ནས། རིགས་སོ་སོའི་འགལ་བ་དང་རྩོད་གཞི་ནུས་ལྡན་སྒོས་དོགས་ཟོན་དང་ཞི་འཇགས་སུ་གཏོང་བ་དང་། འཕྲལ་བསྟུན་ཐག་གཅོད་ནུས་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ཁྲིན་ཀང་གིས་ད་དུང་རྨ་སྟོད་ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་འཛུགས་གནས་ཚུལ་ཡར་ཞུ་བྱས་པར་ཉན།
བཞུགས་མོལ་ཚོགས་འདུའི་སྟེང་། ཁྲིན་ཀང་གིས་མགོ་ལོག་ཁུལ་གྱི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། མགོ་ལོག་གི་ས་བབ་མཐོ་ཞིང་དཔལ་འབྱོར་ཞན་པ་དང་མི་གྲངས་ཉུང་ལ། ཆ་རྐྱེན་མི་བཟང་བས། འཕེལ་རྒྱས་སུ་འགྲོ་དཀའ་བ་ནི་དངོས་ཡོད་གནད་དོན་ཞིག་རེད། མགོ་ལོག་དེང་རབས་ཅན་འཛུགས་སྐྲུན་གྱི་དམིགས་འབེན་དང་ལས་འགན་གཅིག་སྡུད་བྱས་ཏེ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཞིབ་བཤེར་དང་ཞིབ་འཇུག་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ལ། དུས་ཐོག་ཏུ་ཆོས་ཉིད་སྤྱི་བསྡོམས་བྱེད་པ་དང་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པར་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེས་ཆེ་བའི་ཉེན་ཁ་དང་འགྲན་རྩོད་དང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐབས་ལམ་གཙོ་བོ། རིགས་སོ་སོའི་མང་ཚོགས་ཀྱི་ཁེ་ཕན་རེ་ཞུ་དང་མི་རིགས་ཆོས་ལུགས་བྱ་བ་མཐུན་སྦྱོར་སྒོས་ཟུང་འབྲེལ་བྱེད་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཞན་ཆ་སོགས་གནད་དོན་གཙོ་བོར་བསམ་གཞིགས་ནན་མོ་བཏང་ནས། གནད་དོན་ཐག་གཅོད་པའི་བརྒྱུད་རིམ་ཁྲོད་དུ་བྱ་བར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཉམས་གསོ་བཟོ་སྐྲུན་གཙོ་བོ་ལག་བསྟར་བཟང་བོ་བྱེད་པ། ཤུགས་ཆེན་པོས་སྐྱེ་ཁམས་མ་ལག་གི་ཐཱན་འདུས་གཞན་སྒྱུར་ནུས་པ་མཐོར་འདེགས་སུ་གཏོང་བ། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་འགོག་ར་སྲ་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲུང་སྐྱོབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ། ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་པའི་ཐད་ལ་ཤུགས་བསྐྱེད་ནས། སྔར་ལས་མཐོ་བའི་ཆུ་ཚད་ཀྱི་བདེ་འཇགས་མགོ་ལོག་འཛུགས་སྐྲུན་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དོན་དངོས་དང་སྦྲེལ་ཏེ་རྒྱལ་ཁབ་དྭངས་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་ཁུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། མགོ་ལོག་གི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐབས་ལམ་ཞིག་ཏུ་བསྐྱོད་དགོས། བློ་བརྟན་འགྱུར་མེད་སྒོས་དམངས་ཚིས་ལེགས་བཅོས་དང་བདེ་སྐྱིད་བསྐྲུན་པར་སྐུལ་འདེད་བཏང་ནས། གནང་བ་གསུམ་དང་ཕན་པ་གཅིག་དམངས་ཚིས་བྱ་བའི་ཁྲོད་དུ་དངོས་འབེབས་གང་ལེགས་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་འབྲེལ་མཐུད་བྱེད་པ། མཉམ་དུ་ཕྱུག་པོར་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རྨ་སྟོད་ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་འཛུགས་མཇུག་བསྡུ་བའི་བྱ་བ་དམ་འཛིན་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ལངས་ཕྱོགས་བརྟན་པོའི་སྒོ་ནས་ཆབ་སྲིད་སྐྱོང་བ་དང་། སྤོབས་པ་ཆེན་པོས་འཐབ་རྩོད་བྱེད་པའི་མཉམ་ཤུགས་གཅིག་སྡུད་བྱེད་པ། ཚད་མཐའ་གཏན་སྲུང་བྱས་ནས་སྤྱོད་ཚུལ་བསྒྱུར་བ། ཏང་ཡོན་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པར་ཤུགས་བསྣན་ནས། འབད་པས་སྐྱོད་ལམ་གསར་བར་བསྐྱོད་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་པའི་སྣང་ཚུལ་བཟང་བོ་དང་གསོན་ཉམས་ལྡན་པའི་རྣམ་པ་ཆགས་པར་བྱེད་དགོས།
ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།