ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ད་ལོའི་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་དུ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་རྒྱུའི་གཏན་འབེབས་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད།
ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་འབུལ་བའི་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས།
ཚོགས་ཐོག་ནས་ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་གྱི་ཇུས་གཞིའི་འཆར་ཟིན་ལ་གྲོས་བསྡུར་བྱས་ནས། ད་ཐེངས་ཀྱི་ཚོགས་འདུའི་སྟེང་དུ་གྲོས་བསྡུར་བྱས་པའི་བསམ་འཆར་གཞིར་བཟུང་ནས་བཟོ་བཅོས་བརྒྱབ་རྗེས་ཀྱི་ཡིག་ཆའི་འཆར་ཟིན་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས།
གྲོས་ཚོགས་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་དུ་བརྩིས་ནས། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། མཐུན་སྦྱོར་ཕན་ཆེ་ཡི་ལེགས་འགྱུར་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བཅས་བྱེད་པའི་རྩ་དོན་ལྟར་དུ། ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་དེ་བརྒྱུད་རིམ་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱིས་བསྐྱར་སྒྲིག་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད་ལ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏོང་ཆེད་ཉམས་མྱོང་རྩ་ཆེན་བསགས་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད་པ་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་པས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱུ་སྤྱི་འདོམས་སུ་འཛིན་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ཁྲིད་སྟོན་དུ་འཛིན་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བའི་བླང་བྱ་དང་འཚམ་པར་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་དང་འཚམ་པར་བྱས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཏང་ཀྲུང་དབྱང་ལས་ཁུངས་དང་རྒྱལ་ཡོངས་དམངས་ཆེན་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས། རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཀྲུང་དབྱང་དང་ས་གནས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་མགོ་ཁྲིད་བྱ་རྒྱུ་དེ་ལས་ཁུངས་འཛུགས་སྟངས་ཀྱི་ཆ་ནས་སྔར་ལས་ཚན་རིག་དང་མཐུན་པར་བྱེད་པ་དང་། འགན་ནུས་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། འཁོར་སྐྱོད་དོ་དམ་སྔར་ལས་ཕན་ནུས་ཆེ་བ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་འོས་སྦྱོར་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣར་གྲོས་འགོ་བཏོན་པའི་མི་སྣ་དང་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་འོས་སྦྱོར་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣར་གྲོས་འགོ་བཏོན་པའི་མི་སྣ་ལ་གྲོས་བསྡུར་བྱས།
ཚོགས་ཐོག་ནས་གོང་གསལ་གྱི་ནང་དོན་དེ་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་ལ་འཇོག་རྒྱུའི་གཏན་འཁེལ་བྱས།
ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྩིས་ཡོད་པའི་སྲིད་གཞུང་བྱ་བའི་སྙན་ཞུའི་འཆར་ཟིན་ལ་གྲོས་བསྡུར་བྱས། གྲོས་ཚོགས་ལས་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དཀའ་ངལ་ལ་མ་འཛེམས་པར་མདུན་དུ་བསྐྱོད་པ་དང་རིམས་ནད་འགོག་སྡོམ་བྱེད་པ། དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པ། འཕེལ་རྒྱས་བདེ་འཇགས་ཡོང་བ་བཅས་བྱ་དགོས་པའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ལ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བ་བཅས་བྱས། འདས་ཟིན་པའི་ལོ་ལྔ་ནི་རྒྱུན་ལྡན་དང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། ང་ཚོས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཀྱི་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། ཕན་འབྲས་ཆེན་པོའི་སྒོ་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་གཅིག་གྱུར་གྱིས་འཆར་འགོད་བྱས་ལ། དུས་བཅད་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། དུས་བཅད་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཤིང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་བླངས་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་ཡིན། སྲིད་གཞུང་གི་ལས་དོན་ལེགས་པོར་སྒྲུབ་པ་ལ་ཅིས་ཀྱང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་དུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་པ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ། ཚོང་རའི་ཡིད་ཆེས་ཆེར་སྐྱེད་གཏོང་བ། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཚགས་བྱེད་པ། དཔལ་འབྱོར་བརྟན་པོའི་ངང་འཕར་བར་བྱེད་པ་དང་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པ། དངོས་གོང་བརྟན་པོ་ཡོང་བ་བཅས་ཀྱི་ལས་དོན་མངོན་གསལ་སྒོས་ཡག་པོ་སྒྲུབ་པ། ཉེན་ཁ་ཆེ་རིགས་སྔོན་འགོག་ནུས་ལྡན་དང་འདུམ་སེལ་གང་ལེགས་བྱེད་པ། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ནུས་ལྡན་ངང་སྤུས་ཚད་མཐོ་རུ་གཏོང་བ་དང་དཔལ་འབྱོར་ལུགས་མཐུན་ངང་འཕར་རྒྱུ་མངོན་འགྱུར་བྱེད་པ། དམངས་ཚིས་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཡག་པོ་བྱེད་ཆེད་གོམ་སྟབས་བརྟན་པོ་སྤོ་དགོས།
གྲོས་ཚོགས་ལས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་བརྟན་པོ་ཡོང་རྒྱུ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕན་འབྲས་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་བརླིང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་པ་དང་། སྲིད་ཇུས་སྣ་ཚོགས་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་དགོས། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བར་ཤུགས་སྣོན་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ།“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དོན་འཁྱོལ་ཏན་ཏིག་བྱེད་པ། ཕྱི་ཕྱོགས་ཀྱི་མ་དངུལ་འགུག་ཐབས་དང་བེད་སྤྱོད་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། དཔལ་འབྱོར་དང་དངུལ་རྩའི་ཉམས་ཉེན་ཚབས་ཆེན་སྔོན་འགོག་དང་ཐག་གཅོད་ནུས་ལྡན་བྱེད་པ། འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བ། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། གཞི་རྩའི་དམངས་ཚིས་ལ་འགན་སྲུང་དང་སྤྱི་ཚོགས་ཀྱི་ལས་དོན་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་འབད་བརྩོན་ཆེན་པོས་ཡོངས་འགྲུབ་བྱེད་དགོས། སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་གཏོང་དགོས།
ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།