ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་དུ་སྡོད་པའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་ཏེ། མཚོ་སྔོན་དུ་སྡོད་པའི་སྐབས་གསར་བའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཡག་པོར་ཞུགས་པ་དང་། འགན་སྒྲུབ་བྱ་བ་ལེགས་པོར་སྒྲུབ་དགོས་པའི་སྐོར་ནས་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་གིས་མགོ་འཛིན་བྱས།
གྲོས་ཚོགས་སྟེང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཏ་ཡེ་ཡིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་འབྲེལ་ཡོད་བརྡ་ཁྱབ་ཀྱི་བླང་བྱ་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་གཞི་རྩའི་གནས་ཚུལ་མཚམས་སྦྱོར་བྱས། ཆབ་སྲིད་རང་རྟོགས་ཤུགས་དྲག་ཏུ་གཏོང་བ་དང་འགན་འཁྲི་ཁག་ཁུར་ཤུགས་དྲག་ཏུ་གཏོང་བ། སྒྲིག་ཁྲིམས་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ་བཅས་ཀྱི་ཕྱོགས་གསུམ་གྱི་ཐད་ནས། ཞིང་ཆེན་ཏང་ཨུ་ཡིས་མཚོ་སྔོན་དུ་སྡོད་པའི་སྐབས་གསར་བའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལ་བཏོན་པའི་འགན་སྒྲུབ་བླང་བྱ་བརྒྱུད་སྒྲོག་བྱས། ཞིང་ཆེན་སྲིད་གྲོས་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་སྲིད་གྲོས་གྲོས་འདོན་བྱ་བར་གྲ་སྒྲིག་ཇི་ལྟར་བྱེད་པའི་སྐོར་ནས་འགྲེལ་བཤད་བྱས།
བཞུགས་མོལ་ཚོགས་འདུའི་སྟེང་། ལིའུ་ཐུང་ཏི་དང་། ཝང་ཞོན། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་སོགས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བཅུ་གསུམ་གྱིས་སྔ་གཞུག་ཏུ་གཏམ་བཤད་དེ། གྲོས་ཚོགས་སྔོན་ལ་རྟོག་ཞིབ་དང་ཚོགས་ཆེན་གཏམ་བཤད་ལ་གྲ་སྒྲིག་བྱེད་པ་དང་གྲོས་འདོན་བྱེད་པ་བཅས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་ལ། གྲོས་ཚོགས་ཡག་པོ་ཞིག་བསྡུ་བ་དང་། འགན་ལེགས་པོར་སྒྲུབ་པར་དམིགས་ཏེ་བརྗེ་རེས་བྱས། ཚང་མས་གཅིག་གྱུར་གྱིས་བལྟས་ན། དྲིན་གཟོ་བསམ་པ་སེམས་སུ་ཉར་བ་དང་། རྒྱལ་ཁྱབ་ཀྱི་བརྩེ་བ་སེམས་བཅངས་ཏེ། རང་སོ་སོའི་ཆེད་ལས་དགེ་མཚན་དང་ཟུང་འབྲེལ་གྱིས་འགན་སྒྲུབ་འགན་འཁྲི་མཐའ་འཁྱོལ་བྱེད་པ་དང་། ཚོགས་ཆེན་གྱི་གྲོས་རིམ་སོ་སོ་ནན་ཏན་གྱིས་ལེགས་འགྲུབ་བྱས་ནས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་མཚོ་སྔོན་གྱི་གྲོས་གཞི་འདོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་འབོད་སྐུལ་གཏོང་དགོས་པར་འདོད།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མཚོ་སྔོན་དུ་སྡོད་པའི་སྐབས་གསར་བའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ས་ཡ་དྲུག་ཙམ་གྱི་མངགས་བཅོལ་དང་རེ་འདུན་སེམས་ལ་བཅངས་ཏེ་པེ་ཅིང་དུ་སོང་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་རྒྱུ་ཡིན་ལ། རྒྱལ་ཁབ་ཀྱི་ཆེད་དུ་འགན་སྒྲུབ་བྱེད་པ་དང་དམངས་ཀྱི་དོན་དུ་འགན་འཁྲི་མཐའ་འཁྱོལ་བྱེད་རྒྱུ་ཡིན་པས། ལས་འགན་གཟི་བརྗིད་ལྡན་ལ་འགན་འཁྲི་ཧ་ཅང་ལྕི། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་སྟེ། ཏང་ཀྲུང་དབྱང་དང་། རྒྱལ་ཡོངས་སྲིད་གྲོས། ཞིང་ཆེན་ཏང་ཨུ་བཅས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་། བརྗོད་གཞི་ཁ་གསལ། དགོངས་དོན་གྱི་ངོ་བོ་བཅས་ཁོང་དུ་ཟབ་མོར་ཆུད་པར་བྱེད་པ་དང་། གཏན་ཕབ་གཉིས་ལ་བློ་དཀར་གྱིས་སྲུང་སྐྱོང་བྱེད་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པ་དེ་གྲོས་ཞུགས་འགན་སྒྲུབ་བྱ་བའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས། འགན་འཁྲི་ཁག་ཁུར་ཤུགས་དྲག་ཏུ་བཏང་སྟེ། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་ཞིང་ཆེན་གྱི་ཇུས་གཞི་ཆེན་པོ་སེམས་སུ་ཉར་བ། དམངས་ཀྱི་སེམས་ཁུར་ཡིད་ལ་བཅངས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ཀྱི་གཙོ་གནད་དང་དཀའ་གནད་དམིགས་སུ་བཟུང་ནས། ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱེད་པ་དང་། མཚོ་སྔོན་གྱི་བསམ་ཕྱོགས་ལེགས་པོ་དང་གྲོས་གཞི་ཡག་ཤོས་མངོན་གང་ཐུབ་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྒྱལ་ཁབ་རིམ་པའི་རྒྱབ་སྐྱོར་གང་མང་ཐོབ་པར་བྱེད་པ་དང་། ཐུན་མོང་གི་འདུ་ཤེས་རྒྱ་ཆེར་གཅིག་སྡུད་བྱེད་དགོས། དྲིལ་སྒྲོག་བྱ་བ་བཟང་པོར་སྒྲུབ་སྟེ། སྲིད་གྲོས་གྱི་གཏམ་བཤད་དང་མཚོ་སྔོན་གྱི་གཏམ་བཤད་སྤེལ་ཞིང་། ཨུ་ཡོན་གྱི་འགན་སྒྲུབ་གཏམ་རྒྱུད་ལེགས་པོར་བཤད་དེ། དུས་རབས་གསར་བའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་གཟི་ཉམས་ཡོངས་སུ་མངོན་དགོས།
མགོན་པོ་བཀྲ་ཤིས་ཀྱིས་ད་དུང་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པའི་ཞབས་ཞུ་འགན་སྲུང་གི་ལས་རིམ་སོ་སོ་ནན་ཏན་གྱིས་སྒྲུབ་པའི་ཐད་ནས་བྱེ་བྲག་གི་བླང་བྱ་བཏོན།
རིག་འཛིན་སྒྲོལ་མས་བསྒྱུར།