རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གཉིས་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲོས་འདོན་གྲོས་གཞི་ཐག་གཅོད་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནས་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་དང་གྲོས་གཞིར་ཉན་པའི་བྱ་བ་བཟང་བོར་བསྒྲུབ་པར་བཀོད་སྒྲིག་བྱས་པར་མ་ཟད། ཁེ་ལས་ལ་འབྲེལ་བའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་བྱེད་པ་དང་སྒྲིག་སྲོལ་དང་འགལ་བའི་ཁྲལ་བསྡུའི་གནས་ཚུལ་ལེགས་བཅོས་བྱེད་པའི་སྙན་ཞུར་ཉན་ནས། སྔར་ལས་ལྷག་པའི་སྒོ་ནས་ཁྲལ་གང་འདོད་དུ་བསྡུ་བའི་སྣང་ཚུལ་ལ་དག་ཐེར་ལེགས་བཅོས་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པའི་རེ་བ་བཏོན།
གྲོས་ཚོགས་ནས་བསྟན་དོན། སྲིད་གཞུང་གི་དབང་ཆ་དེ་མི་དམངས་ཀྱིས་བསྩལ་བ་ཡིན་ཞིང་། རྒྱལ་ཡོངས་དམངས་ཆེན་འཐུས་མིའི་གྲོས་གཞི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཐག་གཅོད་བྱེད་པ་ནི་སྲིད་གཞུང་གིས་དམངས་ཀྱི་འདོད་བློར་ཉན་པ་དང་། མི་དམངས་ཀྱི་ལྟ་རྟོག་དང་ལེན་བྱེད་པའི་རེ་བ་ཡིན་ལ། ཚན་རིག་དམངས་གཙོ་ཐབས་ཇུས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དོན་དེར་མཐོང་ཆེན་བྱེད་ཅིང་། ལོ་རེར་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་གྲོས་ཚོགས་བསྡུས་ནས་བསྒྲུབས་པའི་གནས་ཚུལ་སྙན་ཞུ་བྱས་པར་ཉན། ན་ནིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་གིས་འཐུས་མིའི་གྲོས་གཞི་དང་ཨུ་ཡོན་གྱི་གྲོས་འདོན་དོན་ཚན་ཁྲི་གཅིག་དང་སྟོང་བཞི་ལྷག་ཐག་གཅོད་བྱས་པ་དང་། འདས་པའི་ལོ་ལྔའི་ནང་རིམ་བརྩིས་ཀྱིས་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་གྲོས་གཞི་ཁྲི་གཅིག་དང་སྟོང་བརྒྱད་ལྷག་དང་ལེན་བྱས་ཏེ། འབྲེལ་ཡོད་ཀྱི་སྲིད་ཇུས་དང་བྱེད་ཐབས་སྣ་སྟོང་བདུན་དང་བརྒྱད་བརྒྱ་ལྷག་བཏོན་ནས། བཅོས་བསྒྱུར་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་རེ་སྨོན་ལ་འབྲེལ་བའི་གནད་དོན་སྐོར་ཞིག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་། སྡེ་ཁག་སོ་སོས་གྲོས་གཞི་དང་གྲོས་འདོན་ཐག་གཅོད་བྱེད་པ་དེ་ལོ་ཧྲིལ་བོའི་ལས་འགན་གཙོ་བོར་བྱས་ཤིང་། སྔར་ལས་འཐུས་སྒོ་ཚང་བའི་ཚད་ལྡན་གྱི་ལམ་ལུགས་ཆགས་པར་བྱས་ནས། ཐག་གཅོད་བྱས་པའི་གྲུབ་འབྲས་དེ་ངེས་པ་དོན་གྱི་བྱེད་ཐབས་སུ་བསྒྱུར་བར་སྐུལ་འདེད་བཏང་། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཚོགས་ལ་ཡོད་པའི་སྐབས་སུ། ནན་ཏན་གྱིས་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་གྲོས་གཞིར་ཉན་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཁག་སོ་སོའི་འགན་ཁུར་བ་དག་གྲོས་ཚོགས་ལ་ཟུར་ཞུགས་བྱེད་པ་དང་། སྡེ་ཁག་སོ་སོས་ཐབས་ལམ་མང་བོ་བརྒྱུད་དེ་རང་འགུལ་གྱིས་འཐུས་མི་དང་ཨུ་ཡོན་བར་འབྲེལ་འདྲིས་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་མུ་མཐུད་དུ་ལས་བྱེད་མི་སྣས་བསམ་འཆར་དང་གྲོས་གཞིར་ཟུར་ཉན་བྱེད་པར་བཀོད་སྒྲིག་བྱེད་དགོས། སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་གྲོས་གཞི་ལ་ཚད་མཐོའི་འགན་ཁུར་བའི་རྣམ་འགྱུར་གྱིས་ཞིབ་འཇུག་བྱེད་པ་དང་། ལྟ་ཚུལ་ཡང་དག་དེ་སྙན་ཞུ་དང་དོན་དངོས་བྱ་བའི་ཁྲོད་མངོན་པར་བྱེད་དགོས།
གྲོས་ཚོགས་ནས་བསྟན་དོན། ན་ནིང་ཚོང་རའི་གནས་བབ་ཀྱི་འགྱུར་ལྡོག་དང་ཚོང་རའི་བརྗོད་སྙིང་གི་དགོས་མཁོར་གདོང་གཏད་དེ། གཞི་རྒྱ་ཆེ་བའི་སྒོ་ནས་དཔྱ་ཁྲལ་ཉེ་ཉུང་དུ་གཏོང་བ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ནས། ཚོང་ར་གཙོ་བོ་དང་ཁྱད་པར་དུ་ཁེ་ལས་འབྲིང་ཆུང་། མི་སྒེར་གྱི་ཚོང་བ་བཅས་དཀའ་ཁག་ལས་བརྒལ་བར་རོགས་སྐྱོར་བྱས་ནས། ལས་ཞུགས་གཏན་འཇགས་ཀྱིས་དམངས་གཙོར་འགན་སྲུང་བྱེད་པ་དང་དཔལ་འབྱོར་གཏན་འཇགས་ཡོང་བར་བྱེད་པའི་ཐད་གཞོགས་འདེགས་ཀྱི་ནུས་པ་གལ་ཆེན་བཏོན་ཡོད། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། མིག་སྔའི་དཔལ་འབྱོར་འཕར་སྣོན་དེ་གཏན་འཇགས་ངང་འཕར་བཞིན་ཡོད་ཀྱང་། འགྲན་རྩོད་མང་བོར་འཕྲད་ནས་ཁེ་ལས་ཀྱི་ཚོང་གཉེར་ལ་སྔར་བཞིན་དཀའ་ཁག་བྱུང་ཡོད་པས། ཁེ་ལས་དང་འབྲེལ་བའི་སྒྲིག་འགལ་གྱི་ཁྲལ་བསྡུ་ལེགས་བཅོས་བྱེད་པ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དངོས་འབེབས་བྱེད་པ། ཚོང་གཉེར་ཁོར་ཡུག་ལེག་བཅོས་བྱེད་པ། ཚོང་རའི་གསོན་ཤུགས་སྐུལ་སྤེལ་བྱེད་པ་བཅས་ཟུང་འབྲེལ་དམ་པོ་བྱེད་དགོས་ལ། ཁྲལ་གང་འདོད་དུ་བསྡུ་བ་དང་གང་འདོད་དུ་ཆད་པ་གཅོད་པ། གང་འདོད་དུ་ཐང་ཚོང་འགྲེམས་པ་བཅས་མཐའ་གཅིག་ཏུ་བཀག་འགོག་བྱས་ནས་ཡུན་རིང་ནུས་ལྡན་གྱི་ལྟ་རྟོག་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། བྱེད་ཐབས་མང་བོ་མཉམ་དུ་སྤྱད་དེ་ཚོང་ར་དར་རྒྱས་སུ་གཏོང་བ་དང་དཔལ་འབྱོར་གཏན་འཇགས་ངང་འཕར་བའི་རྣམ་པ་བཟང་བོ་སྲ་བརྟན་དུ་གཏོང་དགོས།
བསོད་ནམས་ཚེ་རིང་གིས་བསྒྱུར།