ཞི་ཅིན་ཕིང་གིས་ནང་སོག་ཨ་ལ་ཧྲན་ཆི་གཡོན་མ་ནས་སོལ་གཏེར་ཞིག་བརྡིབས་པའི་དོན་རྐྱེན་ཐད་མཛུབ་སྟོན་གལ་ཆེན་གནང་།
2023.02.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་གྱི་ཆུ་ཚོད་བཅུ་གསུམ་སྟེང་། ནང་སོག་ཨ་ལ་ཧྲན་ཆི་གཡོན་མའི་ཞིན་ཅིན་སོལ་ལས་ཚད་ཡོད་ཀུང་སིའི་ཀླད་བཀབ་མེད་པའི་སོལ་གཏེར་རྒྱ་ཆེར་བརྡིབས་ནས། མིག་སྔའི་བར་དུ་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་དྲུག་ལ་རྨས་ཕོག་ཅིང་། མི་ང་གསུམ་གར་ཡོད་མ་རྙེད། དོན་རྐྱེན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ཅང་མཐོང་ཆེན་གནང་བར་མ་ཟད་མཛུབ་སྟོན་གལ་ཆེན་གནང་ནས། ནང་སོག་ཨ་ལ་ཧྲན་ཆི་གཡོན་མའི་ཞིན་ཅིན་སོལ་ལས་ཚད་ཡོད་ཀུང་སིའི་ཀླད་བཀབ་མེད་པའི་སོལ་གཏེར་བརྡིབས་པའི་དོན་རྐྱེན་ལས་མི་མང་བོ་གར་ཡོད་མ་ཤེས་པ་དང་མི་སྣར་ཤི་རྨས་བྱུང་བས། ཐབས་བརྒྱ་ཇུས་སྟོང་གིས་གར་ཡོད་མི་ཤེས་པའི་མི་སྣ་འཚོལ་སྐྱོབ་བྱེད་དགོས་པ་དང་། སྟོབས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་དགོས་ལ། སེམས་གསོ་དང་འདས་འཇུག་སོགས་ཀྱི་བྱ་བ་ལུགས་མཐུན་སྒོས་བཟང་བོར་སྒྲུབ་དགོས། ཚན་རིག་དང་མཐུན་པར་མྱུར་སྐྱོབ་བྱེད་པ་དང་། ལྟ་ཞིབ་དང་སྔོན་བརྡར་ཤུགས་བསྣན་ནས། ཡང་བསྐྱར་གནོད་འཚེ་འབྱུང་བར་བཀག་འགོག་བྱེད་དགོས། དོན་རྐྱེན་དེའི་འབྱུང་རྐྱེན་ལ་ཞིབ་བཤེར་གསལ་བོ་བྱེད་པ་དང་། འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས་པར་མ་ཟད། བསླབ་བྱ་དང་ལེན་བྱས་ཏེ་དོ་དམ་གྱི་ཞན་ཆ་གསབ་དགོས། དེང་སྐབས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་བསྡུ་ལ་ཉེ་བས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་པའི་འགན་འཁྲིའི་འདུ་ཤེས་བཅངས་ནས། ཉེན་ཁའི་རྐྱེན་ངན་སྣ་ཚོགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། སྔོན་འགོག་གི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། བྱ་བ་དོན་འཁྱོལ་ནན་མོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་བཟང་བོར་གཅིག་གྱུར་གྱིས་བཀོད་སྒྲིག་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་འཇགས་ལ་དངོས་སུ་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་གནང་ནས། དོན་རྐྱེན་དེའི་ཁྲོད་དུ་གར་སོང་མི་ཤེས་པའི་མི་མང་བས། སྟོབས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་བྱེད་པ་དང་། མྱུར་སྐྱོབ་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ། འདས་འཇུག་ཐག་གཅོད་བྱ་བ་ལུགས་མཐུན་སྒོས་བཟང་བོར་སྒྲུབ་པ་བཅས་བྱེད་དགོས། དེ་དང་མཉམ་དུ་དོན་རྐྱེན་གྱི་འབྱུང་རྐྱེན་ལ་མྱུར་དུ་ཞིབ་བཤེར་གསལ་བོ་བྱེད་པ་དང་། ཆ་འཕྲིན་དུས་ལྟར་ཡང་དག་པར་སྒྲོག་པ། ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་མོ་བྱེད་དགོས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་བསྡུ་ལ་ཉེ་བའི་སྐབས་སུ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་དང་འཕྲལ་བསྟུན་པུའུ་ཡིས་ས་ཆ་སོ་སོས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་ལྟ་སྐུལ་བྱེད་པ་དང་། རྐྱེན་ངན་ཆེན་པོ་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། དོན་རྐྱེན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་དོགས་ཟོན་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཞེས་བསྟན།

 ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལིས་ཁི་ཆང་གི་བླང་བྱ་ལྟར། འཕྲལ་བསྟུན་དོ་དམ་པུའུ་སོགས་སྡེ་ཁག་གིས་བྱ་བའི་ཚན་ཁག་མངགས་ཏེ་ཡུལ་དངོས་ནས་མྱུར་སྐྱོབ་བྱ་བར་མཛུབ་སྟོན་བྱས། ནང་སོག་རང་སྐྱོང་ལྗོངས་དང་ཨ་ལ་ཧྲན་མིན་གྱིས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་མྱུར་སྐྱོབ་བྱེད་བཞིན་པ་དང་། འབྲེལ་ཡོད་བྱ་བ་སྒྲུབ་བཞིན་པའི་སྒང་རེད།

ཕྱུག་ལོས་བསྒྱུར།