ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པའི་སྐོར་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་གསུམ་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་ནི། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་བརྩོན་མངོན་འགྱུར་བྱེད་པའི་དགོས་གཏུག་གི་རེ་བ་ཡིན་ལ། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་བགྲོད་ལམ་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་དེ་ཚན་རྩལ་བྱ་བའི་ཉིན་རིམ་གལ་ཆེན་དུ་བཞག་སྟེ། གཅིག་གྱུར་བཀོད་སྒྲིག་ལ་ཤུགས་སྣོན་པ་དང་། སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། རྨང་གཞིའི་ཞིབ་འཇུག་གི་ཆུ་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་གཙོ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། དགེ་རྒན་ཆེན་མོ་གུང་ཆི་ཧོང་གིས་གནད་དོན་དེར་འགྲེལ་བརྒྱབ་པ་དང་། བྱ་བའི་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་གྱིས་ཉན་པར་མ་ཟད་གྲོས་སྡུར་བྱས།
ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་སྡུར་བྱས་པར་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱིས་སྔོན་ནས་བཟུང་རྨང་གཞིའི་ཞིབ་འཇུག་བྱ་བར་མཐོང་ཆེན་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་ལྷག་པར་བཅོས་སྒྱུར་སྒོ་འབྱེད་བྱས་རྗེས། རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། དེང་སྐབས་སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད་པ་དང་། རིག་ཚན་རྒྱུན་མ་ཆད་པར་མཉམ་འདྲེས་ཀྱིས་འཕེལ་བཞིན་ཡོད་ལ། ཚན་རིག་ཞིབ་འཇུག་གི་རྣམ་པར་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཚན་རིག་ལག་རྩལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་གཏིང་ཟབ་ཏུ་མཉམ་འདྲེས་བྱུང་ཡོད་ཅིང་། རྨང་གཞིའི་ཞིབ་འཇུག་གི་སྤོ་སྒྱུར་དུས་སྐབས་མངོན་གསལ་གྱིས་ཇེ་ཐུང་དུ་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཚན་རྩལ་འགྲན་རྩོད་ཀྱང་རྨང་གཞིའི་ཐད་དུ་སྔོན་སྣུར་བྱེད་བཞིན་ཡོད། རྒྱལ་སྤྱིའི་ཚན་རྩལ་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། ཆུ་ཚད་མཐོ་བའི་རང་ཚུགས་རང་བརྩོན་མངོན་འགྱུར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་བཅས་བྱ་དགོས་ན། ང་ཚོས་ངེས་པར་དུ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་བསྣན་ནས། འགོ་ཁུངས་དང་རྨང་གཞི་ནས་གནད་འགག་ལག་རྩལ་གྱི་གནད་དོན་ཐག་གཅོད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྨང་གཞིའི་ཞིབ་འཇུག་གི་སྔོན་སྐྱོད་རང་བཞིན་དང་འཐབ་ཇུས་རང་བཞིན། མ་ལག་རང་བཞིན་བཅས་ཀྱི་སྒྲིག་བཀོད་ལ་ཤུགས་སྣོན་དགོས། རྨང་གཞིའི་ཞིབ་འཇུག་དེ་ཞིབ་འཇུག་ནས་ཉེར་སྤྱོད་དང་། དེ་ནས་ཐོན་སྐྱེད་བར་གྱི་ཚན་རིག་ཞིབ་འཇུག་ཕྲེང་འབྲེལ་གྱི་འགོ་ཚུགས་ས་རུ་གནས་པས། རྨང་གཞི་བརྟན་པོ་བཏིངས་ན། ཚན་རྩལ་ལས་དོན་གྱི་ཐོག་ཁང་ད་གཟོད་མཐོ་རུ་བརྩིགས་ཐུབ་པས། ཁ་ཕྱོགས་པ་བཞི་རྒྱུན་འཁྱོངས་བྱེད་པ་དང་། དམིགས་འབེན་ཁྲིད་ཕྱོགས་དང་རང་དབང་འཚོལ་ཞིབ་གཉིས་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་ཚན་རྩལ་སྔོན་སྐྱོད་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དམིགས་འབེན་ལ་སྦྲེལ་ནས། རྨང་གཞིའི་གཞིབ་འཇུག་གི་གནད་འགག་ཚན་རིག་གནད་དོན་ཉིང་སྡུད་བྱེད་དགོས། ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་ཚན་རིག་ཆེན་པོའི་དུས་རབས་སུ་སླེབས་ཡོད་པ་དང་། རྨང་གཞིའི་ཞིབ་འཇུག་གི་རྩ་འཛུགས་ཅན་གྱི་ཚད་རིམ་ཇེ་མཐོར་འགྲོ་བཞིན་ཡོད་ལ། ལམ་ལུགས་ཀྱི་འགན་སྲུང་དང་སྲིད་ཇུས་ཀྱི་ཁྲིད་སྟོན་གྱིས་རྨང་གཞིའི་ཞིབ་འཇུག་ལ་ཐེབས་པའི་ཤན་ཤུགས་ཇེ་ཆེ་ནས་ཇེ་ཆེ་ཡིན་པས། ངེས་པར་དུ་རྨང་གཞིའི་ཞིབ་འཇུག་གི་སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་ཟབ་མོར་སྤེལ་ནས། ལམ་ལུགས་དང་སྲིད་ཇུས་ཀྱི་རིན་ཐང་སྐུལ་ཁྲིད་དང་འཐབ་ཇུས་སྣེ་ཁྲིད་ནུས་པ་བཟང་བོར་འདོན་དགོས། རྨང་གཞིའི་ཞིབ་འཇུག་གི་ནོར་སྲིད་དངུལ་གཏོང་བརྟན་བརླིང་གིས་ཇེ་མང་དུ་གཏོང་བ་དང་། ཁྲལ་བསྡུ་གཟིགས་སྐྱོང་སོགས་ཐབས་ཤེས་སྣ་མང་སྤྱད་དེ་ཁེ་ལས་ཀྱི་མ་དངུལ་མང་དུ་གཏོང་བར་སྐུལ་མ་བཏང་ཞིང་། སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཚན་རིག་ཐེབས་རྩ་འཛུགས་པ་དང་ཚན་རིག་ཞལ་འདེབས་འབུལ་བ་སོགས་སྣ་མང་དངུལ་གཏོང་ལ་སྐུལ་མ་བཏང་ནས། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་དང་དེའི་མཉམ་འབྲེལ་ཐེབས་རྩའི་རོགས་སྐྱོབ་ཕན་འབྲས་ཇེ་ཆེར་བཏང་སྟེ། འགྲན་རྩོད་རང་བཞིན་གྱི་རྒྱབ་སྐྱོར་དང་བརྟན་འཇགས་ཀྱི་རྒྱབ་སྐྱོར་ཟུང་དུ་འབྲེལ་བའི་རྨང་གཞིའི་ཞིབ་འཇུག་གི་དངུལ་གཏོང་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཚོད་ལྟ་ཁང་མ་ལག་འཛུགས་པར་མཐུན་སྦྱོར་བྱས་ཏེ། རྨང་གཞིའི་རིག་ཚན་ཞིབ་འཇུག་ལྟེ་གནས་འཛུགས་པར་བཀོད་སྒྲིག་བྱེད་པ་དང་། རྣམ་པ་གསར་པའི་ཚན་རིག་ཞིབ་འཇུག་ཆ་འཕྲིན་ཅན་གྱི་རྨང་གཞིའི་སྟེགས་བུ་སྔོན་སྐྱོད་ཀྱིས་བཀོད་སྒྲིག་བྱས་ཏེ། རྨང་གཞིའི་ཞིབ་འཇུག་གི་རྐང་འཛིན་དྲ་བ་སྟོབས་ཅན་ཞིག་ཆགས་པར་བྱེད་དགོས། སྔོན་སྐྱོད་སྣེ་ཁྲིད་རྣམ་པ་དང་འཐབ་ཇུས་ཁྲིད་སྟོན་རྣམ་པ། ཉེར་སྤྱོད་རྒྱབ་རྟེན་རྣམ་པ་བཅས་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་ཆས་གལ་ཆེན་ལ་ཚན་རིག་དང་མཐུན་པར་འཆར་འགོད་དང་སྒྲིག་བཀོད་བྱས་ཏེ། སྒྲིག་ཆས་འཛུགས་སྐྲུན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། དུས་རིམ་ཡོངས་ཀྱི་དོ་དམ་འཐུས་ཚང་དུ་བཏང་ནས། སྒོ་འབྱེད་དང་མཉམ་སྤྱོད་ཀྱི་ཆུ་ཚད་དང་འཁོར་སྐྱོད་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས།ཞི་ཅིན་ཕིང་གིས་བསྟན་དོན། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་དེ་མཐར་གཏུགས་ན་ཆུ་ཚད་མཐོ་བའི་འཇོན་མི་ལ་བརྟེན་དགོས་པས། ངེས་པར་དུ་འབད་བརྩོན་ཆེན་པོས་མ་ལག་ཅན་དང་རིམ་པ་མཐོ་བའི་རྨང་གཞིའི་ཞིབ་འཇུག་འཇོན་མི་སྐྱེད་སྲིང་གི་སྟེགས་བུ་བསྐྲུན་ནས། རྨང་གཞིའི་ཞིབ་འཇུག་གི་འཇོན་མི་སྔར་ལས་མང་བོ་གཅིག་ལ་གཅིག་འགྲན་གྱིས་ཐོན་པར་བྱེད་དགོས། འཇོན་མིའི་འཇར་གཞི་སྣ་ཚོགས་ཀྱིས་རྨང་གཞིའི་ཞིབ་འཇུག་གི་འཇོན་མིར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། འཐབ་ཇུས་ཚན་རིག་པ་སྐྱེད་སྲིང་དང་བཀོལ་སྤྱོད་བྱེད་པ་དང་། ན་གཞོན་ཚན་རྩལ་པས་འགན་ལྗིད་མོ་ཁུར་བར་རྒྱབ་སྐྱོར་བྱས་ཏེ། ཚན་རྩལ་སྣེ་ཁྲིད་འཇོན་མིའི་དཔུང་སྡེ་དང་རྩེ་གྲར་སོན་པའི་གསར་གཏོད་དཔུང་སྡེ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིའི་རིགས་ཀྱིས་ཐུན་མོང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བར་སྔོན་ཆད་ཀྱི་དུས་གང་ལས་ཀྱང་རྒྱལ་སྤྱིའི་མཉམ་ལས་དང་སྒོ་འབྱེད་མཉམ་སྤྱོད་མཁོ་ཡོད་པས། རྒྱལ་སྤྱིའི་རྨང་གཞིའི་ཞིབ་འཇུག་སྟེགས་བུ་བསྐྲུན་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པའི་ཚན་རིག་ཞིབ་འཇུག་ཐེངས་རྩ་འཛུགས་པ། རྒྱལ་ཁབ་ཚན་རྩལ་འཆར་གཞི་ཕྱི་ཕྱོགས་སུ་སྒོ་འབྱེད་ཚད་རྒྱ་བསྐྱེད་པ་བཅས་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་དང་ནུས་ཁུངས་བདེ་འཇགས། སྐྱེ་དངོས་བདེ་འཇགས། ཕྱི་རིམ་བར་སྟོང་བཀོལ་སྤྱོད་སོགས་འཛམ་གླིང་ཡོངས་ཀྱི་གནད་དོན་ལ་དམིགས་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་འབྲེལ་ཚན་རིག་ཞིབ་འཇུག་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་གྱི་ཚན་རྩལ་ལས་དོན་པ་རབས་འགས་གཅིག་རྗེས་གཉིས་མཐུད་དུ་འབད་པས་བསྐྲུན་པའི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དང་ནུབ་སྤོར་སྙིང་སྟོབས། མཁའ་སྐྱོད་སྙིང་སྟོབས། ཚན་རིག་པའི་སྙིང་སྟོབས། ཟླ་བའི་གོ་ལར་རྟོག་ཞིབ་བྱེད་པའི་སྙིང་སྟོབས། དུས་རབས་གསར་པའི་བྱང་སྐར་སྙིང་སྟོབས་སོགས་ཀྱིས་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་གསར་གཏོད་ཀྱི་སྐྱེ་ཁམས་ཤིག་བཞེངས་ཡོད་ལ། དེ་ནི་རྨང་གཞིའི་ཞིབ་འཇུག་འཕེལ་རྒྱས་སུ་འགྲོ་བའི་འཛད་མེད་སྒུལ་ཤུགས་སུ་གྱུར་ཡོད་པས། སྤྱི་ཚོགས་ཡོངས་ཀྱིས་བདེན་ལུགས་འཚོལ་བ་དང་ཡང་རྩེར་སྙེག་པའི་ཚན་རིག་གི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱེད་པ་དང་། རྨང་གཞིའི་ཞིབ་འཇུག་སོགས་ཚན་རྩལ་ཁྱབ་ཁོངས་སུ་ཐོན་པའི་སྔོན་ཐོན་དཔེ་ལེགས་དང་བྱས་རྗེས་དྲིལ་སྒྲོག་རྒྱ་ཆེར་བྱས་ཏེ། རྒྱ་ཆེའི་ཚན་རྩལ་ལས་དོན་པས་རྒན་རབས་ཚན་རིག་པས་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་འབུལ་བ་དང་མི་དམངས་སེམས་སུ་འཛིན་པའི་གཟི་བརྗིད་གོམས་སྲོལ་རྒྱུན་འཛིན་བྱས་ནས། མེས་རྒྱལ་གྱི་ས་གཞིའི་སྟེང་བྱ་གཞག་བསྐྲུན་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས། རྒྱལ་ཁབ་ཚན་རིག་ཁྱབ་གདལ་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། དྲ་ལམ་དང་དྲ་ཕྱི་སོགས་ཐབས་ལམ་མང་པོ་ནས་ཚན་རིག་ཤེས་བྱ་སྒྲོག་པ་དང་། ཚན་རྩལ་གྲུབ་འབྲས་བཀྲམ་ནས། ཚན་རིག་ལ་དགའ་བ་དང་ཚན་རིག་ལ་དད་པའི་སྤྱི་ཚོགས་ཀྱི་དར་སྲོལ་འཛུགས་དགོས།
ཞི་ཅིན་ཕིང་གིས་མཇུག་མཐར་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཚན་རྩལ་ཤེས་བྱ་སློབ་པ་དང་ཚན་རིག་སྙིང་སྟོབས་དར་སྤེལ་བྱས་ཏེ། རང་འགུལ་གྱིས་ཚན་རྩལ་ལས་དོན་པའི་དཀའ་ངལ་སེལ་བ་དང་ཁུར་པོ་ཇེ་ཡང་དུ་གཏོང་བ། ཁོ་ཚོར་སྐུལ་མ་གཏོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཚན་རྩལ་གསར་གཏོད་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཕྱུག་ལོས་བསྒྱུར།