ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། ད་ལོ་ནི་མའོ་ཙེ་ཏུང་སོགས་གསར་བརྗེ་རྒན་རབས་པས་བློ་མཐུན་ལོས་ཧྥུན་ལ་ཕྱག་བྲིས་ཕྱག་བསྟར་མ་གནང་ནས་ལོ་དྲུག་ཅུ་འཁོར་བའི་ལོ་ཡིན་ལ། ལོ་ངོ་དྲུག་ཅུའི་རིང་ལ། ལོས་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱལ་ཡོངས་སུ་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་། ལོས་ཧྥུན་གྱི་མིང་ཁྱིམ་ཚང་ཀུན་གྱིས་ཤེས་པར་བྱེད་པ། ལོས་ཧྥུན་གྱི་བྱས་རྗེས་མི་སེམས་ལ་ཐིམ་པར་བྱེད་པ། ལོས་ཧྥུན་སྙིང་སྟོབས་ཀྱིས་དུས་སྐབས་སོ་སོའི་ཀྲུང་ཧྭའི་བུ་དང་བུ་མོའི་སེམས་པ་གསོ་བཞིན་ཡོད། དུས་རབས་ལ་འགྱུར་ལྡོག་ཇི་ལྟར་བྱུང་ནའང་། ལོས་ཧྥུན་གྱི་སྙིང་སྟོབས་ལ་དུས་ནམ་ཡང་རྙིང་རྒྱུ་མེད་པ་ལག་ལེན་དངོས་ཀྱི་སྟེང་ནས་ར་སྤྲད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་སྐྱོད་ལམ་གསར་པའི་སྟེང་དུ། ལོས་ཧྥུན་གྱི་སྙིང་སྟོབས་ལ་མངའ་བའི་དུས་རབས་ཀྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ནས། ཏང་ཡོན་དང་ལས་བྱེད་པའི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་སྔར་ལས་གང་ལེགས་བྱེད་པ་དང་། དང་བླངས་ཞབས་ཞུའི་འགན་སྲུང་དང་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། སློབ་ཆེན་སོ་སོའི་ལོས་ཧྥུན་དང་བླངས་ཞབས་ཞུའི་དཔུང་སྡེ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་བཏང་ནས། མི་དམངས་མང་ཚོགས་དང་ལྷག་པར་དུ་ན་ཆུང་གཞོན་ནུའི་ཁྲོད་དུ་ལོས་ཧྥུན་ལ་སློབ་སྦྱོང་བྱེད་པའི་སྲོལ་བཟང་ཆགས་པར་བྱེད་པ་དང་། ལོས་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱུན་གཏན་དང་རྒྱུན་ལྡན་ཅན་གྱི་ལས་རིམ་ཁྲོད་མཉམ་འདྲེས་ཡོང་བར་བྱེད་པ། ལོས་ཧྥུན་གྱི་སྙིང་སྟོབས་ལ་དུས་རབས་གསར་པར་སྔར་ལས་གཟི་མདངས་འཕྲོ་བར་བྱེད་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་གསུངས།
ལོས་ཧྥུན་གྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཏེ་མའོ་ཙེ་ཏུང་སོགས་གསར་བརྗེ་རྒན་རབས་པས་བློ་མཐུན་ལོས་ཧྥུན་ལ་ཕྱག་བྲིས་ཕྱག་བསྟར་མ་གནང་ནས་ལོ་དྲུག་ཅུ་འཁོར་བར་དྲན་གསོ་ཞུ་ཞེས་པའི་བཞུགས་མོལ་ཚོགས་འདུ་ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་པེ་ཅིང་དུ་འཚོགས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་འདས་པའི་ལོ་དྲུག་ཅུའི་རིང་གི་ལོས་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་ཡི་གྲུབ་འབྲས་མངོན་གསལ་ཅན་ལ་ཁས་ལེན་གང་ལེགས་བྱས་པ་དང་། ལོས་ཧྥུན་སྙིང་སྟོབས་ཀྱི་རྟག་བརྟན་རིན་ཐང་ལ་གསལ་བཤད་གཏིང་ཟབ་བྱས་ཏེ། སྐྱོད་ལམ་གསར་པའི་སྟེང་དུ་ལོས་ཧྥུན་གྱི་སྙིང་སྟོབས་དར་སྤེལ་སྔར་ལས་གང་ལེགས་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ། ལོས་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྔར་ལས་ཡག་པོར་སྤེལ་ནས། ལོས་ཧྥུན་གྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་ཁྲིད་སྟོན་དང་སྐུལ་ལྕག་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྔར་ལས་གང་མང་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན།
ཚའེ་ཆི་ཡིས་བློ་མཐུན་མའོ་ཙེ་ཏུང་གིས“བློ་མཐུན་ལོས་ཧྥུན་ལ་སློབ་སྦྱོང་བྱེད་དགོས”ཞེས་འབོད་སྐུལ་གནང་ནས་ལོ་དྲུག་ཅུ་འཁོར་བའི་རིང་ལ། ལོས་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་སྤེལ་བ་དང་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་ཡོད། ལོས་ཧྥུན་གྱི་སྙིང་སྟོབས་རྒྱ་ཁྱབ་ངང་དར་སྤེལ་བཏང་བ་དང་རྒྱུན་འཛིན་བྱས་ནས། མི་རབས་ནས་མི་རབས་བར་ཏང་ལ་བློ་དཀར་སེམས་དཀར་དང་མེས་རྒྱལ་ལ་ལེགས་སྐྱེས་འབུལ་བ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འབོད་སྐུལ་བྱེད་བཞིན་ཡོད་ཅིང་། ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོས་ཧྥུན་གྱི་སྙིང་སྟོབས་དར་སྤེལ་གཏོང་བའི་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས། དུས་རབས་གསར་པའི་ནང་ལོས་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་ནང་དོན་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ་དང་རྣམ་པ་གསར་གཏོད་བྱེད་པ། གཞི་རྟེན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ལ་མཛུབ་སྟོན་དང་སྐུལ་འདེད་བཏང་བར་བརྟེན། ལོས་ཧྥུན་རྣམ་པ་ཡི་སྔོན་ཐོན་ཐུན་མོང་དང་དཔེ་བཟང་མི་སྣ་གཅིག་རྗེས་གཉིས་མཐུད་ངང་བྱུང་ནས། དུས་རབས་གསར་པའི་རླབས་ཆེན་འཕོ་འགྱུར་གྱི་ཆེད་དུ་འཛད་མཐའ་མེད་པའི་བསམ་པའི་སྒུལ་ཤུགས་བསྣན་ཡོད། སྐྱོད་ལམ་གསར་པའི་སྟེང་དུ་ལོས་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོས་ཧྥུན་གྱི་སྙིང་སྟོབས་དར་སྤེལ་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས། ལོས་ཧྥུན་སྙིང་སྟོབས་ཀྱི་དུས་རབས་ཀྱི་དོན་སྙིང་དང་ལག་ལེན་གྱི་བླང་བྱ་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ནས། ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་བླ་ན་མེད་པའི་ཕུགས་བསམ་དོན་གཉེར་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པ། ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་སྤྲོ་སེམས་ཆེན་པོ་སྔར་ལས་འཕེལ་བར་བྱེད་པ། གཏན་ཕབ་གཉིས་ལ་སྔར་ལས་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། མི་སྒེར་གྱི་འཚོལ་སྙེག་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་གི་འབད་འཐབ་ཁྲོད་རང་རྟོགས་སྒོས་འཇུག་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ནུས་པ་གང་ཡོད་འདོན་པ་བཅས་བྱེད་དགོས། ལོས་ཧྥུན་གྱི་སྙིང་སྟོབས་ལ་ཞིབ་འཇུག་འཆད་འགྲེལ་གཏིང་ཟབ་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱུའི་ཐད་ཤུགས་སྣོན་པ། ཏང་ཡོན་དང་ལས་བྱེད་པ། སྔོན་ཐོན་དཔེ་བཟང་བཅས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ལོས་ཧྥུནལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་ལས་སྟེགས་དང་གཞི་རྟེན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ཕུགས་ཕན་ལམ་སྲོལ་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལོས་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོར་དུས་རབས་ཀྱི་ཉམས་འགྱུར་ལྡན་པར་བྱེད་པ་དང་། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་བྱེད་དགོས་ཞེས་བསྟན།
ལིས་ཧྲུའུ་ལེ་ཡིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པ་དང་། སུན་ཁྲུན་ལན་དང་མེའོ་ཧྭ་ཚོགས་འདུར་ཞུགས།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་དང་སློབ་གསོ་པུའུ། གུང་གཞོན་ཚོགས་པ་ཀྲུང་དབྱང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ལས་དོན་པུའུ། ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དང་ལེའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར། ལོས་ཧྥུན་སྐུ་འཚོ་བཞུགས་སྐབས་ཀྱི་དམག་དཔུང་གི་འགན་འཁུར་བློ་མཐུན། ཆེད་མཁས་པ་དང་མཁས་པའི་འཐུས་མི་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད། བཞུགས་མོལ་ཚོགས་འདུ་དེ་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་། སློབ་གསོ་པུའུ། གུང་གཞོན་ཚོགས་པ་ཀྲུང་དབྱང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།