ཀྲུང་གུང་ཀྲུང་དབྱང་གཞུང་སྒྲིག་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་མ་ལག་གི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》དཔེ་སྐྲུན་འགྲེམ་སྤེལ་བྱས། 
2023.02.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 14

ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲིག་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་མ་ལག་གི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》དཔེ་སྐྲུན་འགྲེམ་སྤེལ་བྱས། 

བསམ་འཆར་ལས་བསྟན་དོན། གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་བྱ་བ་དེ་གྲོང་གསེབ་དར་སྤེལ་གྱི་གོ་གནས་གལ་ཆེན་དུ་བཞག་སྟེ། གཞི་རིམ་གནད་སར་འཛིན་པ་དང་སྒྲིག་ལུགས་རྐྱེན་སྲོལ་གྱི་བཅོས་སྒྱུར་སྒུལ་ཤུགས་སུ་བྱས་ནས། རྫོང་ཁོངས་ཀྱི་སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་རྒྱ་སྐྱེད་དང་དོ་མཉམ་བཀོད་སྒྲིག་གི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། གཙོ་གནད་གཞི་རིམ་ལ་འཇོག་པ་དང་ཐོན་ཁུངས་གཞི་རིམ་ལ་ཁ་གཏོད་པར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་ཁྱད་ཆོས་དང་འཚམ་ཞིང་སྤུས་ལེགས་ནུས་མཐོའི་གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་བཏང་ཡོད་ལ། རྒྱ་ཆེའི་ཞིང་བ་མང་ཚོགས་དག་ལ་རང་གི་ཉེ་ས་ནས་སྔར་ལས་འདྲ་མཉམ་དང་མ་ལག་རྒྱུན་མཐུད་ཡིན་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཐོབ་པར་བྱས་ནས། མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཐད་འགན་སྲུང་བྱེད་དགོས་ཟེར། 

བསམ་འཆར་ལས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ནི་ཉིས་སྟོང་ཉེར་ལྔ་ལོའི་བར། གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་མ་ལག་གི་བཅོས་སྒྱུར་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་ཐོབ་པར་བྱ་རྒྱུ་དེ་ཡིན། གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་བྱེད་ནུས་བཀོད་སྒྲིག་སྔར་ལས་དོ་མཉམ་ལུགས་མཐུན་ཡིན་ཞིང་། རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་མངོན་གསལ་གྱིས་ལེགས་བཅོས་བྱེད་པ་དང་། རིག་ནུས་ཅན་དང་གྲངས་ལྡན་ཅན་གྱི་བེད་སྤྱོད་རིམ་བཞིན་ཁྱབ་གདལ་དུ་གཏོང་བ། ཀྲུང་ལུགས་སྨན་རྫས་ཀྱི་ཐུན་མིན་ཁྱད་སྟོབས་སྔར་ལས་འདོན་སྤེལ་བྱས་ནས། ནད་འགོག་ནད་གསོ་དང་བདེ་ཐང་དོ་དམ་ནུས་པ་མངོན་གསལ་གྱིས་མཐོར་འདེད་བཏང་སྟེ། གྲོང་གསེབ་ཀྱི་རིམས་ནད་ཆེན་མོ་དང་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་གྱི་ཐག་གཅོད་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་གྱི་འཇོན་མིའི་དཔུང་སྡེ་འཕེལ་རྒྱས་སྟོབས་ལྡན་དུ་གཏོང་བ་དང་། མི་སྣའི་བྱང་ཚད་དང་གྲུབ་ཚུལ་མངོན་གསལ་གྱིས་ལེགས་བསྒྱུར་བྱེད་པ། ཐོབ་ཐང་ཆུ་ཚད་སྔར་ལས་མཐོར་འདེགས་བྱས་ནས། རྒན་གསོ་སོགས་སྤྱི་ཚོགས་འགན་སྲུང་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས། གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་མ་ལག་གི་འཁོར་སྐྱོད་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། རྐྱེན་སྲོལ་ཕལ་ཆེར་འཐུས་ཚང་དུ་གཏོང་བའི་ཐད་མ་དངུལ་བཏང་ནས། གཞི་རིམ་གྱི་ནད་བརྟག་དང་ཕྱོགས་གཉིས་ཀྱི་སྤོ་བསྒྱུར་བརྟག་དཔྱད། ནད་གཤིས་དལ་བྲེལ་ཅན་སོ་སོར་དབྱེ་ནས་གསོ་བཅོས་བྱེད་པ། གོང་འོག་མཉམ་འབྲེལ་བཅས་བྱེད་པའི་རིམ་པ་དགར་བའི་ནད་བརྟག་རྣམ་པ་རགས་ཙམ་ཆགས་པར་བྱེད་དགོས། 


བསོད་ནམས་ཚེ་རིང་གིས་བསྒྱུར།