ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་སྲིད་གཞུང་གིས་ཞིང་སྡེའི་གསང་སྤྱོད་གསར་བརྗེ་སྐུལ་སྤེལ་བརྙན་རིས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསང་སྤྱོད་ལེགས་བསྒྱུར་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ལས་འགན་གཙོ་བོ་སྤྱི་སྡོམ་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན། ཞིང་སྡེའི་གསང་སྤྱོད་ལེགས་བསྒྱུར་ནི་རོང་འབྲོག་མང་ཚོགས་ཀྱིས་དེང་རབས་དཔལ་ཡོན་འཚོ་བ་རོལ་བ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་མངོན་འགྱུར་བྱུང་བའི་མཚོན་རྟགས་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོ་སྣང་ཆེན་པོ་བྱེད་པ་དང་ནམ་ཡང་ཐུགས་སུ་འཛིན་པའི་དམངས་ཚིས་དོན་དངོས་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་། བསམ་བློའི་ངོས་ཟིན་ཇེ་དྲག་ཏུ་བཏང་སྟེ། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་དགོས། རྫོང་རིམ་པའི་གཙོ་གཞི་འགན་འཁྲི་དང་གྲོང་ཁྱེར་དང་ཁུལ་གྱི་ལྟ་སྐུལ་མཛུབ་སྟོན་འགན་འཁྲི། ལས་རིགས་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་བཅས་གཏན་ཁེལ་གསལ་བོ་བྱེད་པ་དང་། གནད་དོན་ཡོད་པའི་གསང་སྤྱོད་དག་ཐེར་ལེགས་བཅོས་བྱེད་པ། ལས་འགན་གྱི་གསལ་ཁྲ་འཛུགས་པ། རིམ་པ་བགོ་བ་དང་རིགས་བགར་ནས་མཐའ་གཅིག་ཏུ་དག་ཐེར་ལེགས་བཅོས་བྱས་ཏེ། དག་ཐེར་ལེགས་བཅོས་བྱས་རྗེས་ཡོད་ཚད་གཙང་དག་གསང་སྤྱོད་ཀྱི་ཚད་གཞི་རུ་བསླེབ་པར་ཁག་ཐེག་བྱེད་པ་དང་། གནད་དོན་རྙིང་བ་ཡང་དང་བསྐྱར་དུ་མི་འབྱུང་བར་བྱེད་དགོས། སྤུས་ཚད་མཐོ་བའི་སྒོ་ནས་གསང་སྤྱོད་གསར་འཛུགས་བྱེད་པ་དམ་འཛིན་བྱེད་པ་དང་། ས་བབ་དང་བསྟུན་པ། གྲོང་གསེབ་དར་སྤེལ་ཚོད་ལྟ་སྡེ་བ་དང་མཐོ་སྒང་གི་མཛེས་པའི་ཞིང་གྲོང་འཛུགས་སྐྲུན། ཞིང་སྡེའི་ཁང་རྙིང་དང་ཉེན་ཁང་སྒྱུར་བཀོད། གྲོང་ཁྱེར་དུ་ཡོད་པའི་སྡེ་བའི་སྒྱུར་བཀོད་སོགས་ལས་གཞི་དང་ཟུང་འབྲེལ་བྱས་ནས་གཅིག་འདོམས་སྒོས་ལག་བསྟར་བྱེད་དགོས། ཞིང་སྡེའི་སྤྱི་སྤྱོད་གསང་སྤྱོད་འཁོར་རྒྱུག་དོ་སྲུང་ཡུན་ཕན་རྐྱེན་སྲོལ་བཙུགས་ཏེ། འཁོར་རྒྱུག་ཞིག་གསོ་གྲོན་དངུལ་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འགག་སྒོ་བརྟན་སྲུང་མ་བྱས་པར་རིགས་མི་འདྲ་བའི་སྤུས་ཚད་གནད་དོན་སྣ་ཚོགས་འབྱུང་བར་བཀག་འགོག་བྱེད་པ། ལས་རྗེས་བཀོལ་སྤྱོད་མི་བྱེད་པར་བཀག་འགོག་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་བྱེད་པ། གནས་ཚུལ་དངོས་དང་མི་མཐུན་པའི་གནད་དོན་མི་འབྱུང་བར་བྱེད་པ། ཁྲིམས་དང་འགལ་བའི་སྒོ་ནས་ལས་གཞིའི་མ་དངུལ་ལྐོག་ལེན་བྱེད་པར་བཀག་འགོག་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་གསང་སྤྱོད་ཆུང་བའི་དོན་དག་ཆེན་པོ་སྒྲུབ་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་དེང་རབས་དཔལ་ཡོན་གྱི་འཚོ་བ་རོལ་ཐུབ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།