ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན། གསར་འགོད་པས་པེ་ཅིང་དུ་འཚོགས་པའི་ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུའུ་ཀྲང་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོར་རང་རྒྱལ་གྱིས་འགུལ་སྐྱོད་འཆར་གཞིའམ་ཡང་ན་སྲིད་ཇུས་ཀྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ནས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་མ་ལག་བཙུགས་ཏེ། གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་ནུས་པ་ཇེ་ཆེར་གཏོང་རྒྱུ་རེད།
རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཡུས་ཝུན་མེན་གྱིས་ཚོགས་ཐོག་ནས་བཤད་རྒྱུར། ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་ནུས་པ་ཆེ་རུ་གཏོང་རྒྱུ་དེ་མངོན་གསལ་ཆེ་བའི་གནས་བབ་སྟེང་བཞག་ནས་ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པ། གསོན་ཤུགས་འཕེལ་བར་བྱེད་པ་བཅས་གཙོ་གནད་དུ་བཟུང་ནས། ནུས་ཤུགས་ཡོད་རྒུས་དོ་མཉམ་མིན་པ་དང་མི་འདང་བའི་གནད་དོན་ཐག་གཅོད་བྱས་ཏེ། ཡོད་མེད་ཀྱི་གནས་སྟངས་ནས་ཡོད་ཚད་ལེགས་ལམ་ཕྱོགས་སུ་མགྱོགས་མྱུར་འགྱུར་ལྡོག་བཏང་སྟེ། མང་ཚོགས་ལ་སྤུས་ཚད་སྔར་ལས་མཐོ་བའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་རང་རྒྱལ་གྱིས་ཀྲུང་ལུགས་གསོ་རིག་གི་དྲག་སྐྱེད་ལྟེ་གནས་ཁག་གཅིག་བསྐྲུན་ནས། ཞུང་ཨན་ཁུལ་གསར་གྱི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་གསོ་རིག་ལྟེ་གནས་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རང་རྒྱལ་གྱིས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ཚན་ཁག་འཛུགས་སྐྲུན་བྱེད་རྒྱུ་ཡིན་པར་མ་ཟད། ཕྱོགས་བསྡུས་སྨན་ཁང་གི་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་མཐུན་སྦྱོར་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་རྒྱུ་དང་། བཅོས་དཀའ་བའི་ནད་གཞི་ལྕི་མོ་ཁག་གཅིག་གི་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་མཉམ་ལས་ཚོད་ལྟའི་ལས་གཞི་ལག་བསྟར་བྱེད་རྒྱུ་ལས་གཞན། ད་དུང་རིམ་པ་གཉིས་པ་ཡན་གྱི་ཕྱོགས་བསྡུས་སྨན་ཁང་དུ་ཀྲུང་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཚན་ཁག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
ཉིས་སྟོང་ཉེར་གཉིས་ལོའི་ཟླ་གསུམ་པར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་སོགས་སྡེ་ཁག་བཅུ་ཡིས། 《གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་བཟོ་བཀོད་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་བྱ་སྤྱོད་འཆར་གཞི》ཞེས་པ་མཉམ་འབྲེལ་སྒོས་པར་འགྲེམས་བྱས། མང་ཚོགས་ཀྱིས་རང་གི་སྒོ་ཁ་ནས་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུ་སྔར་ལས་གང་མང་ལོངས་སུ་སྤྱོད་ཐུབ་ཆེད། ད་ལོ་རང་རྒྱལ་གྱིས་བྱ་སྤྱོད་འཆར་གཞི་དེ་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ་ཡིན་པར་མ་ཟད། གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཁང་གི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་ཚད་གཞི་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཁང་འཛུགས་པའི་ཚད་གཞི་པར་འགྲེམས་བྱས་ནས། 《གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་འཚམ་མཐུན་ལག་རྩལ་ལག་དེབ》ཅེས་པ་དངོས་སུ་བཟོས་ཏེ། རྒྱལ་ཡོངས་གཞི་རིམ་གྱི་ཀྲུང་ལུགས་སྨན་རྫས་ལས་དོན་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུ་དང་དཔེ་སྟོན་རྫོང་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། དེ་དང་ཆབས་ཅིག་གཞི་རིམ་གྱི་འཕྲོད་བསྟེན་ལག་རྩལ་མི་སྣའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཟབ་སྦྱོང་བྱ་སྤྱོད་འཆར་གཞི་དངོས་སུ་ལག་བསྟར་བྱས་ནས། གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་མི་སྣའི་ནུས་པ་དང་ཆུ་ཚད་སྔར་ལས་མཐོ་རུ་གཏོང་རྒྱུ་རེད།
གཞན་ཡང་ད་ལོ་རང་རྒྱལ་གྱིས་གྲངས་ཉུང་མི་རིགས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བཟོ་རྒྱུ་ཡིན་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་སྨན་བཅོས་ལག་རྩལ་བཀོལ་སྤྱོད་ཚད་ལྡན་དང་གྲངས་ཉུང་མི་རིགས་ཀྱི་སྨན་བཅོས་ལེགས་ཆའི་ནད་རིགས་སྨན་བཅོས་ཀྱི་ཇུས་གཞི་ཁག་གཅིག་ཀྱང་བཟོ་རྒྱུ་རེད།
རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཁོངས་མི། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་ཡུས་ཡན་ཧུང་གིས་བཤད་རྒྱུར། ཉིང་བཅུད་རྒྱུན་འཛིན་དང་དྲང་གཞག་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་དོན་གཙོ་བོར་བཟུང་ནས། ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ཀྱི་དོ་མི་མཉམ་པ་དང་འཐུས་སྒོ་མི་ཚང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། སྲིད་ཇུས་དང་འཆར་འགོད་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། ཀྲུང་ལུགས་གསོ་རིག་དང་ཀྲུང་ལུགས་སྨན་རྫས། བྱ་གཞག་དང་ཐོན་ལས། འཕེལ་རྒྱས་དང་བདེ་འཇགས་བཅས་ལ་སྤྱི་འདོམས་གང་ལེགས་བྱེད་པ། ཀྲུང་ལུགས་གསོ་རིག་དང་དེང་རབས་ཚན་རིག་ཕན་ཚུན་ཟུང་འབྲེལ་དང་ཕན་ཚུན་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་ལུགས་གསོ་རིག་སྨན་རྫས་དང་ཕྱི་ལུགས་གསོ་རིག་ཕན་ཚུན་གསབ་རེས་དང་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།