ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། ཞིང་ཆེན་ཡོངས་ཀྱི་ཤར་ནུབ་རྒྱུད་རོགས་ལས་ལས་གཞི་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཅང་སུའུ་དང་མཚོ་སྔོན་གཉིས་ཀྱི་ཁ་གཏད་རོགས་སྐྱོར་རོགས་ལས་བྱ་བའི་བརྙན་རིས་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཤིང་། གྲོང་ཁྱེར་དང་ཁུལ། རྫོང་ཁ་ཤས་ཀྱི་བྱ་བའི་ཡར་ཞུ་ལ་ཉན་པ་དང་། ལས་གཞིའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
ཚེ་རིང་ཐར་གྱི་བསྟན་དོན། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་རོགས་ལས་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་དམིགས་པ་དང་མཉམ་དུ་ཕྱུག་སྒྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ལ་བཏོན་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཧ་ཅང་ཐུགས་ཁུར་གནང་བ་དང་ཅང་སུའུ་ཞིང་ཆེན་གྱིས་དམིགས་བསལ་སྒོས་རོགས་རམ་བྱེད་པར་དོ་སྣང་ཆེན་པོ་བྱས་ཏེ། ཆབ་སྲིད་འགན་འཁྲི་དང་ལེན་བཟང་བོ་བྱེད་པ་དང་། ལྡབ་འགྱུར་སྒོས་འབད་བརྩོན་བྱེད་དགོས་ལ། སྔར་ལས་དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་ཤར་ནུབ་རྒྱུད་རོགས་ལས་བྱ་བར་སྐུལ་འདེད་གཏོང་དགོས། ལས་གཞི་དེ་ཤར་ནུབ་རྒྱུད་རོགས་ལས་གཏིང་ཟབ་ཏུ་སྤེལ་བའི་ནང་དོན་གལ་ཆེན་དུ་བཞག་སྟེ་ཐོན་ཁུངས་ཁྱད་སྟོབས་དང་འཕེལ་རྒྱས་རྨང་གཞི་ལ་རྐང་འཛུགས་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་དམ་པོར་སྦྲེལ་ནས། ཐོན་ལས་ལས་གཞི་གདམ་གསེས་ཞིབ་མོ་བྱེད་པ་དང་སྲོལ་རྒྱུན་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་རོགས་སྐྱོར་བྱེད་དགོས། འགན་སྲུང་གསུམ་དང་འཐུང་ཆུའི་བདེ་འཇགས་སོགས་ཁྱབ་ཁོངས་གཙོ་བོ་གཅིག་སྡུད་བྱས་ཏེ། རྨང་གཞིའི་སྒྲིག་ཆས་དང་སྤྱི་ཐུན་ཞབས་ཞུའི་ཞན་ཆ་ཁ་གསབ་བྱེད་དགོས། ལས་གཞིར་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་དངོས་འབེབས་བཟང་བོ་བྱེད་པ་དང་། ཚན་རིག་དང་མཐུན་པར་ལོ་ཧྲིལ་བོའི་ལག་བསྟར་ཇུས་གཞི་གཏན་འཁེལ་བྱས་ནས། ལས་གཞིའི་འཛུགས་སྐྲུན་མྱུར་ཚད་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། ཤར་ནུབ་རྒྱུད་རོགས་ལས་རོགས་སྐྱོར་རྐྱེན་སྲོལ་ལག་བསྟར་གང་ལེགས་བྱེད་པ་དང་། ནང་ལ་འདྲེན་པ་དང་ཕྱི་ལ་འགྲོ་བ་ཟུང་འབྲེལ་བྱས་ནས། མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། སློབ་གསོ་དང་སྨན་བཅོས། ཚན་རྩལ་སོགས་ཆེད་ལས་འཇོན་མིའི་བརྗེ་རེས་གསོ་སྦྱོང་ལ་ཤུགས་སྣོན་ཞིང་ཧུར་ཐག་སྒོས་ལས་གཞི་ནང་འདྲེན་བྱེད་པ་དང་། མཚོ་སྔོན་ཐོན་རྫས་ཀྱི་ཕྱིར་གཏོང་ཐབས་ལམ་རྒྱ་བསྐྱེད་པ། རིག་གནས་གནས་སྐོར་རོགས་ལས་ལ་སྐུལ་འདེད་བཏང་ནས། རོགས་ལས་ཀྱི་སྣ་ཁ་ཇེ་མང་དང་ཁྱབ་རྒྱ་ཇེ་ཆེར་གཏོང་དགོས། རོགས་ལས་ལས་གཞིའི་མ་དངུལ་གྱི་དོ་དམ་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་། ལས་གཞིའི་ལྡོག་ཕྱོགས་ཀྱི་རྩིས་ཁྲའི་དོ་དམ་ལག་བསྟར་བྱེད་པ། ནོར་ཤུགས་གཅིག་བསྡུས་སྒོས་དོན་ཆེན་སྒྲུབ་ནས། སྒོར་སྐར་གང་ཡང་དོན་ཆེན་ཐད་ལ་བཀོལ་བར་འགན་སྲུང་བྱེད་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།