ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧའེ་ཡི་ཙི་ཀོང་ཀོ་རུ་རྒྱལ་སྤྱིའི་གྲངས་རིག་མཁས་ཅན་སྐུ་ཞབས་ཆིའུ་ཁྲུན་ཐུང་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་གིས་བཤད་རྒྱུར། ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་གཏོང་བར་རྨང་གཞིའི་ཚན་རིག་གི་འདེགས་སྐྱོར་གལ་ཆེན་དགོས། གྲངས་རིག་ནི་རྨང་གཞིའི་ཚན་རིག་གི་རྨང་གཞི་ཡིན་པས། རང་བྱུང་ཚན་རིག་གི་ཅོད་པན་ལྟ་བུ་ཡིན་ཞེས་བཤད་ཆོག ཚན་རིག་གི་ཆོས་ཉིད་ལ་བརྩི་འཇོག་དང་རྨང་གཞིའི་ཚན་རིག་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་རྨང་གཞི་བརྟན་པོ་འདིང་དགོས། ཚན་རིག་ཞིབ་འཇུག་མི་སྣས་ལོ་བཅུའི་རིང་གྲ་སྒྲིག་གང་ལེགས་བྱེད་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་བྱེད་པ་དང་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། འཚབ་འཚུབ་ཀྱི་བསམ་བློ་རིང་དུ་སྤོང་བ། བསམ་པའི་བཀོད་ཤུགས་དང་གསར་གཏོད་ནུས་པ་འདོན་སྤེལ་བཅས་བྱས་ནས། ཐོད་བརྒལ་གསར་པ་ཡོང་བར་རྒྱབ་སྐྱོར་བྱེད་དགོས། ཤེས་ལྡན་མི་སྣར་བརྩི་འཇོག་བྱས་ནས་རང་གི་འཇོན་ཐང་ངོམ་སའི་ཁོར་ཡུག་བསྐྲུན་དགོས། རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་གྱི་ཆེད་དུ་ཐུན་མོང་ཐོག་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན།
སྐུ་ཞབས་ཆིའུ་ཁྲུན་ཐུང་གིས་དུས་ཡུན་རིང་པོའི་ནང་གྲངས་རིག་ཞིབ་འཇུག་དང་སློབ་གསོའི་ལས་དོན་ལ་རྩེ་གཅིག་ཏུ་གཞོལ་གྱིན་ཡོད། ཁོ་ནི་འཛམ་གླིང་སྟེང་གི་རྒྱལ་སྤྱིའི་གྲངས་རིག་པའི་སྡེ་ཡི་མཚན་སྙན་མཐོ་ཤོས་ཏེ་ཧྥེ་ཨར་ཚི་ཡི་བྱ་དགའ་ཐོབ་མཁན་གྱི། ཕྱིར་སྡོད་རང་མི་ཐོག་མ་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོར་རྨང་གཞིའི་རིག་ཚན་འཛུགས་སྐྲུན་དང་གྲངས་རིག་གི་ཕུལ་བྱུང་ཤེས་ལྡན་པ་གསོ་སྐྱོང་ལ་འབད་ཀྱིན་ཡོད།
ཞའོ་ཅེ་ཐུག་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།