ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། ཞིན་ཧྭ་གསར་འགྱུར་ཁང་གིས་གཙོ་འཛིན་དང་མི་དམངས་ཐོག་མཐའ་བར་གསུམ་དུ་གཅིག་སེམས་གཅིག་ཏུ་སྦྲེལ་ནས་ལོ་ལྔའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་སྐབས་ཀྱི་འཐུས་ཚབ་ཚོགས་པ་དང་ཚན་ཆུང་གི་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་དང་གྲོས་གཞི་དོན་འཁྱོལ་བྱས་པའི་གནས་ཚུལ་སྐོར་གྱི་དངོས་བྲིས་ཞེས་པ་བཏང་། དེ་རིང་གི་མི་དམངས་ཉིན་རེའི་ཚགས་པར་སོགས་ཀྲུང་དབྱང་གི་ཚགས་པར་སོ་སོའི་སྟེང་དུ་རྩོམ་ཡིག་ཆ་ཚང་འགོད་རྒྱུ་རེད། རྩོམ་ཡིག་ལས་བསྟན་དོན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་ཁྱད་ཆོས་ཡིན་ལ། དེ་ནི་ཆེས་རྒྱ་ཆེ་བ་དང་ཆེས་དོན་དངོས་དང་མཐུན་པ། ཆེས་སྤྱོད་གོ་ཆོད་པ་བཅས་ཀྱི་དམངས་གཙོ་ཞིག་ཡིན། ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་བར་གྱི་ལོ་རེའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བར་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ་རྒྱལ་དོན་མཉམ་གྲོས་གནང་ནས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་དོན་སྙིང་ལ་གསོན་ཉམས་ལྡན་པའི་ངང་གསལ་བཤད་གནང་ཡོད། རྩོམ་ཡིག་ལས་བསྟན་དོན། མི་དམངས་མང་ཚོགས་ཀྱི་བྱ་བ་ཇི་ཙམ་ཆུང་ནའང་དོན་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐུས་མི་དང་ཨུ་ཡོན་ཚོས་ཡུལ་དངོས་ནས་བཏོན་པའི་བསམ་འཆར་དང་གྲོས་གཞིར་ཚད་མཐོའི་མཐོང་ཆེན་གནང་བ་དང་དེར་ལན་ཁ་གསལ་བསྐྱོན་པར་མ་ཟད། འབྲེལ་ཡོད་ཕྱོགས་ཀྱིས་ནན་ཏན་ངང་སྒྲུབ་དགོས་པའི་བླང་བྱ་ཡང་འདོན་པ་རེད། ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་། རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཕྱོགས་ཁག ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་སྒྲུབ་ལས་ཁུངས་སོ་སོ་བཅས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་ནས། ནུས་ཤུགས་ཡོད་རྒུས་སྒྲུབ་གཉེར་དོན་འཁྱོལ་གྱི་ལས་དོན་ཡག་པོ་བསྒྲུབས་པར་བརྟེན། འཐུས་མི་དང་ཨུ་ཡོན་གྱིས་ལས་འགན་སྒྲུབ་གཉེར་དོན་འཁྱོལ་བྱས་པར་བློ་ཡིད་གཏིང་ནས་ཚིམ་ཡོད། འཐུས་མི་དང་ཨུ་ཡོན་ཚོས་བཏོན་པའི་བསམ་འཆར་དང་གྲོས་འགོ་རེ་རེ་མིག་མཐོང་ལག་ཟིན་གྱི་དམངས་འཚོའི་བདེ་སྐྱིད་དུ་གྱུར་པ་དང་། མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་དགའ་ཞེན་བཅངས་པའི་བརྩེ་བ་ཟབ་མོ་ཆེས་ཆེར་འཕེལ་བར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།