ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཞི་གྲངས་ ཀྲུང་གོ་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་འཆར་འགོད་ཅེས་པ་པར་སྐྲུན་འགྲེམས་སྤེལ་བྱས།
འཆར་འགོད་ལས་བསྟན་དོན། གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུ་ནི་གཞི་གྲངས་ཆེན་མོའི་དུས་རབས་ཁྲོད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་འགྲན་རྩོད་ལེགས་ཆ་གསར་པ་བསྐྲུན་པའི་འདེགས་སྐྱོར་ནུས་ལྡན་ཞིག་ཡིན། གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བཤད་ན་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཆེན་མོ་ལྡན།
འཆར་འགོད་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཁྱད་པར་དུ་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་གྱི་སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན། མཉམ་ལས་རང་བཞིན་བཅས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས། གཞི་གྲངས་ཅན་གྱི་ཐོན་སྐྱེད་འཚོ་བ་དང་བཅོས་སྐྱོང་བྱེད་སྟངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས།
འཆར་འགོད་ལས་བསྟན་དོན། ཉིས་སྟོང་སོ་ལྔ་ལོར་སླེབས་སྐབས། གཞི་གྲངས་ཅན་གྱི་འཕེལ་རྒྱས་ཆུ་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པར་བྱེད་རྒྱུ་དང་། གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་བྱེད་པ། གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་གྱི་མ་ལག་ཚན་རིག་དང་མཐུན་ཞིང་ཆ་ཚང་ཡིན་པ། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་འཛུགས་སྐྲུན་ཁྱབ་ཁོངས་ཁག་སོ་སོའི་ཁྲོད་ཀྱི་གཞི་གྲངས་ཅན་གྱི་འཕེལ་ཚད་སྔར་ལས་མཐུན་སྦྱོང་གང་ལེགས་ཡོང་བར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱེད་ཐུབ་པ་བཅས་མངོན་འགྱུར་བྱེད་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།