ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱིས་ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་བྱ་བའི་གྲོས་ཚོགས་ཐེངས་དང་པོ་ཟི་ལིང་བསྡུས། གྲོས་ཚོགས་ནས་ཉིས་སྟོང་ཉེར་གཉིས་ལོའི་བྱ་བའི་འཕེལ་རིམ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་ཉིས་སྟོང་ཉེར་གསུམ་ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལི་ཞའོ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ནས་བསྟན་དོན། ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་སྤེལ་བ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན། ཆབ་སྲིད་ལངས་གནས་མཐོར་འདེགས་སུ་བཏང་ནས་རྒྱལ་ཡོངས་ཀྱི་ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ལོ་ལྔའི་འཆར་འགོད་བྱ་བ་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་དམིགས་ནས་ནུས་ཤུགས་ཡོད་རྒུས་བྱ་འགུལ་གྱི་ཚོང་རྟགས་གྲགས་ཅན་སྐྲུན་དགོས། སྐྱེ་ཁམས་དཔལ་ཡོན་བརྒྱུད་སྒྲོག་དམ་འཛིན་བྱས་ནས་དྲིལ་སྒྲོག་བྱ་འགུལ་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་སྣེ་ཁྲིད་ནས་རང་བྱུང་ཁམས་ཆེན་མོར་བརྩི་བཀུར་དང་ཁོར་ཡུག་ལ་གཅེས་སྐྱོང་བྱེད་པའི་ལྗང་མདོག་གི་རིན་ཐང་ལྟ་ཚུལ་གྲུབ་པར་བྱེད་པ་དང་། སྤྱི་ཚོགས་ཡོངས་ཟབ་ཞུགས་བྱེད་པའི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་དགོས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་ཨུ་ཡོན་དང་དམངས་གཙོ་མནའ་མཐུན། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་སྦྲེལ་ལྷན་ཚོགས། སློབ་གྲྭ་ཆུང་འབྲིང་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། ནགས་ཚལ་གྱི་ཐཱན་འདུས་ནུས་པ་མཐོར་འདེགས་གཏོང་བ། བརླན་ས་སྲུང་སྐྱོབ་དང་རྩྭ་ཐང་བཅོས་སྐྱོང་། རི་སྐྱེས་སྲོག་ཆགས་ཐོན་ཁུངས་སྲུང་སྐྱོབ་སོགས་བརྗོད་གཞི་ཆེན་པོར་དམིགས་ནས་ཧུར་ཐག་སྒོས་བརྗོད་དོན་ལག་ལེན་བྱ་འགུལ་རྩ་འཛུགས་བྱས་ནས་ཇུས་འདོན་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་གྱི་དུས་ཚོད་དང་ཤུགས་རྐྱེན་རང་བཞིན་མཐོར་འདེགས་གཏོང་བར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས། མཐུན་སྦྱོར་མཉམ་སྦྲེལ་ལ་ཤུགས་རྒྱབ་ནས་ཟབ་ཞུགས་བྱེད་པ་དང་གཞོགས་འདེགས་ནུས་ལྡན་བྱེད་པ། གཅིག་གྱུར་སྐུལ་འདེད་གཏོང་བའི་བྱ་བའི་རྣམ་པ་བཟང་པོ་གྲུབ་པར་བྱེད་དགོས། ལས་ཁུངས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་གཞི་རིམ་ཕྱོགས་སུ་སྐུལ་འདེད་བཏང་ནས་ནགས་ཚལ་ལ་དོ་སྣང་བྱེད་པའི་བྱ་འགུལ་སྤེལ་བའི་མཉམ་ཤུགས་གྲུབ་པར་བྱས་ནས་བྱ་བའི་སྤྱིའི་ནུས་ཕྱོད་མཐོར་འདེགས་གཏོང་དགོས།
མི་ཕམ་མགོན་པོས་བསྒྱུར།