ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧེ་རུ་དམངས་གཙོ་གྲོས་མོལ་ཚོགས་འདུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཇུས་གཞི་དང་། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་བྱ་རྩིས་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་མགོ་ཁྲིད་མི་སྣའི་འོས་མིའི་གྲོས་གཞིའི་མིང་ཐོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་བྱ་རྩིས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་མི་སྣའི་འོས་མིའི་གྲོས་གཞིའི་མིང་ཐོ་བཅས་ཀྱི་ཐད་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མ་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མིར་གནས་ཚུལ་བསྒྲགས་པར་མ་ཟད། ཁོ་ཚོའི་བསམ་འཆར་ལ་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་ཚོགས་འདུར་ཞུགས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད་ལ། དངུལ་རྩའི་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་ནས། ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པའི་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་འགན་འཁྲིའི་མ་ལག་དང་རྩ་འཛུགས་ཀྱི་གྲུབ་ཚུལ་སྔར་ལས་ཇེ་ལེགས་སུ་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་གྲོས་མོལ་མཐུན་སྦྱོར་སྒྲིག་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ། སྒྲིག་གཞིའི་ཐོན་ཁུངས་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་གཏོང་བ། ཏང་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་བ། དབང་བའི་ལམ་ལུགས་མཉམ་བསྲེས་ཀྱི་ཁེ་ལས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་འཛུགས་ལས་དོན་ལ་ཤུགས་སྣོན་པ། ལས་རིགས་མཐུན་ཚོགས་དང་སློབ་ཚོགས། ཚོང་ཚོགས་ཀྱི་ཏང་འཛུགས་ལས་དོན་དོ་དམ་སྒྲིག་སྲོལ་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་ཆེད། ཀྲུང་གུང་ཀྲུང་དབྱང་གིས་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་དང་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་དུ། 《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཇུས་གཞིའི(འཆར་ཟིན)》གྲུབ་པ་རེད། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་དུ་ཇུས་གཞིའི་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས། རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གྱི་ནང་དོན་ཁག་གཅིག་ཁྲིམས་བཅད་གོ་རིམ་ལྟར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་རེད། སྤྱིའི་ཆ་ནས་བལྟས་ན། ད་ཐེངས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་འདི་ཉིད་ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་ཁྲོད་ཅུང་འབུར་ཐོན་ཡིན་པ་དང་། དེར་ཁ་གཏད་རང་བཞིན་ཅུང་ཆེ་བ་དང་ཤུགས་ཚད་ཅུང་ཆེ་བ། ཁྱབ་ཁོངས་ཅུང་ཆེ་བ། ཁེ་ཕན་དང་འབྲེལ་བ་ཟབ་མོ་ཡོད། གནད་དོན་གལ་ཆེན་དང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ཀྱིན་པའི་དཀའ་གནད་འགའ་ཞིག་ཐག་གཅོད་པར་འབད་པ་ཡིན་ན། གཞི་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུ་རེད་ཅེས་གསུངས།
ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ལ་ཉེ། སྐབས་གསར་པའི་རྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་མི་སྣ་བདམས་ཐོན་བྱ་རྒྱུ་ནི་ཐེངས་འདིའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། ཁྱོན་ཡོངས་ལ་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཀྱང་ཡིན། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བརྗེའི་མི་དོན་བཀོད་སྒྲིག་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བར་མ་ཟད། དེར་ཞིབ་འཇུག་དང་བཀོད་སྒྲིག་གནང་སྟེ། ཁྱབ་ཁོངས་ངེས་ཅན་ཞིག་གི་ཁྲོད་ནས་ནང་གྲོས་དང་བསམ་འཆར་ལ་ཉན་པ་རེད། ནང་གྲོས་བྱེད་པའི་རིང་ལ། ཚང་མས་ངོས་འཛིན་བྱས་དོན། སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་མི་སྣའི་འོས་མི་བདམས་ཐོན་བྱུང་བར་ཅིས་ཀྱང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་པ།“འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱེད་དགོས་ལ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་དེ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་བསྣན་ནས། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྡུད་དང་མཐུན་སྒྲིལ་བྱེད་དགོས། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གཙོ་བོར་འཛིན་པ། ཕྱོགས་བཞི་མཚམས་བརྒྱད་ཀྱི་འཇོན་མི་བསྡུ་འགུག་བྱེད་པ། སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་འཇོག་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་པའི་ལས་བྱེད་པ་བཟང་བོའི་ཚད་གཞི་དང་། ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། འོས་མིའི་ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ། སྣང་བརྙན་གྱི་འགག་སྒོ་བཅས་ནན་སྲུང་བྱེད་དགོས། བསམ་འཆར་ལ་གཟབ་ནན་སྒོས་ཉན་པའི་རྨང་གཞིའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་འོས་མིའི་ཆ་རྐྱེན་དང་ཕྱོགས་སོ་སོའི་གྲུབ་ཚུལ་གྱི་བླང་བྱ། བྱ་བའི་དགོས་མཁོ་བཅས་ལ་ཁྱོན་ཡོངས་ནས་བསམ་བློ་བཏང་སྟེ། གྲོས་འགོའི་མིང་ཐོ་བཏོན་པར་མ་ཟད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱེད་པར་འབུལ་རྒྱུ་རེད་ཅེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ད་ཐེངས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གྱི་དོན་སྙིང་གལ་ཆེན་ལ་བསམ་ཤེས་ནན་མོ་བྱས་ནས། བསམ་བློ་དང་བྱ་སྤྱོད་བཅོས་སྒྱུར་ཇུས་གཞིའི་སྟེང་ནས་གཅིག་གྱུར་ཡོང་བར་བྱས་ཏེ། བཅོས་སྒྱུར་ལ་རྒྱབ་སྐྱོར་གང་ལེགས་བྱས་ནས། ཚོགས་ཆེན་གྱི་ལས་འགན་ཁག་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་འགན་ལེན་བྱས་པའི་རྨང་གཞིའི་སྟེང་དུ། དམངས་གཙོ་མཐུན་སྒྲིལ་དང་སེམས་ཤུགས་གཅིག་སྒྲིལ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་བསྡུ་རྒྱུའི་རེ་བ་ཡོད། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་གནས་བབ་གསལ་རྟོགས་དང་ཡིད་ཆེས་བརྒྱུད་སྤྲོད་བྱས་ནས། རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱེད་ཡུལ་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ནས། བློ་འདོན་ཇུས་འབུལ་གང་ལེགས་བྱེད་པ་དང་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ། དམིགས་འབེན་ཡོད་པའི་སྒོ་ནས་དོགས་སེལ་དང་སློབ་གསོ་གཏོང་བ། ཁྲིད་སྟོན་ཡག་པོ་བཅས་བྱས་ནས། ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་ཆེད། སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་ཐུགས་རེ་བཏོན།
ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིན་ཀྲུང་ལིས། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མེན་ཅིན། དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུན། ཀྲུང་གོ་བཟོ་ཞིང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ལིས་ཝེ་སོགས་ཀྱིས་གཏམ་བཤད་བྱས། ཁོ་ཚོས་བལྟས་ན། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་བྱ་རྒྱུའི་ཇུས་གཞི་དང་། སྐབས་གསར་པའི་རྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་མི་སྣའི་འོས་མིའི་གྲོས་གཞིའི་མིང་ཐོ་ཚང་མ་ནི་བསམ་འཆར་བསྡུ་ལེན་རྒྱ་ཁྱབ་ཏུ་བྱས་པ་དང་ནང་གྲོས་གང་ལེགས་བྱས་པའི་རྨང་གཞིའི་སྟེང་ནས་བྱུང་བ་ཡིན་ལ། དེས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཚོན་པ་དང་། དེ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་འབྲེལ་བ་དམ་ཟབ་ཡོད་པས། བློ་ཐག་རྦད་ཆོད་སྒོས་གོང་བཀུར་ཞུ་རྒྱུ་ཡིན་ཟེར། ཁོ་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་དང་། དམངས་གཙོ་ཏང་ཁག་གི་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་སོགས་ཀྱི་ཐད་ནས་ཀྱང་བསམ་འཆར་དང་གྲོས་གཞི་བཏོན།
ཝང་ཁྲིན་དང་ཧྲི་ཐའེ་ཧྥུན། ལིས་ཀན་ཅེ། ཧི་ལིས་ཧྥུན། ཀྲང་ཆིན་ལིས། ཁྲིན་ཞི་བཅས་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།
ཚོགས་འདུར་ཞུགས་མཁན་གྱི་ཏང་ཕྱིའི་མི་སྣའི་གྲས་སུ་ཁྲིན་ཀྲུའུ་དང་ཝན་ཀང་། ཁྲིན་ཞའོ་ཀོང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧྲའོ་ཧུང་། ཧི་པོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན། ཀྲང་ཨེན་ཏིས། ལིས་ཡུའེ་ཧྥུན། ཀྲིག་ཀྲུང་ཧི་བཅས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།