ལིས་ཁི་ཆང་གིས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལ་ཐུག་འཕྲད་བྱས།
2023.03.02 ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། ཀློག་གྲངས། 17

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གསུམ་པའི་ཚེས་གཅིག་ཉིན་པེ་ཅིང་ནས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲི་ཁི་ལ་ཐུག་འཕྲད་བྱས།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞིའི་སྟེང་བཙུགས་ཡོད་ཅིང་། གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གསར་བ་རྒྱུན་ཆད་མེད་པར་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱོད་དང་གྲོས་མོལ་བྱེད་སྐབས་ཕྱོགས་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་འཆར་འགོད་བྱས་ཡོད། ཕྱོགས་གཉིས་ཀྱིས་བཀོད་ཟིན་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་གང་ལེགས་བྱེད་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པའི་རེ་བ་བཏོན་ཡོད། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་མཉམ་ལས་ཁྱད་སྟོབས་ཁ་གསབ་དང་གཉིས་ཕན་མཉམ་རྒྱལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱོགས་ཀྱིས་མཉམ་ལས་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་ལ་བརྟན་འཇགས་ཀྱིས་སྐུལ་འདེད་གཏོང་བ་དང་། མི་ཆོས་དང་ས་གནས་སོགས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་དམངས་ཀྱི་འདོད་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད་ཟེར།

ལུའུ་ཁཱ་ཧྲིན་ཁི་ཡིས་བསྟན་དོན། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་སྟོབས་ལྡན་དུ་འགྲོ་བར་རེ་བཞིན་ཡོད་ལ། ཨུ་རུ་སི་དཀར་པོ་དང་ཀྲུང་གོའི་མཉམ་ལས་ཀྱི་དམིགས་ཡུལ་ནི་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་ཡིན་པ་ལས་རྒྱལ་ཁབ་གཞན་པ་གང་རུང་ལ་དམིགས་པ་མིན། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་ཀྲུང་གོའི་མཛའ་མཐུན་མཉམ་ལས་གྲོགས་པོ་བཟང་བོ་བྱས་ཤིང་། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཨུ་རུ་སི་དཀར་པོ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཝང་དབྱེ་དང་ཧི་ལི་ཧྥུན་སོགས་ཐུག་འཕྲད་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།