ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།
2023.03.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་གསུམ་པའི་ཚེས་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའུ་ཧྲུའུ་ཅི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་ཕུལ་བའི་བྱ་བའི་སྙན་ཞུ་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཚུན་ལ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་སྤྱི་བསྡོམས་བྱས།  ཚང་འཛོམས་གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་བྱ་རྩིས་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་མགོ་ཁྲིད་མི་སྣའི་འདེམ་མིའི་གྲོས་གཞིའི་མིང་ཐོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་བྱ་རྩིས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་མི་སྣའི་འདེམ་མིའི་གྲོས་གཞིའི་མིང་ཐོ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཚང་འཛོམས་གྲོས་ཚོགས་སྟེང་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཇུས་གཞི་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་ཀྱིས་སྤྱི་འདོམས་བྱེད་པར་ཤུགས་སྣོན་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ཁྲིད་ཕྱོགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ལས་ཁུངས་བཅོས་སྒྱུར་ལས་འགན་ས་ཆ་ཀུན་ཏུ་དངོས་འབེབས་བཟང་བོ་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ས་ཆ་ཀུན་ཏུ་དངོས་འབེབས་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་ལ་ཉེ་བ་དང་། ད་ལོ་ནི་སྲིད་གཞུང་གི་སྐབས་བརྗེ་ལོ་ཡིན་པས། སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་དེ་དང་ཆ་སྡེབས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་སྙན་ཞུ། ནོར་སྲིད་སྔོན་རྩིས་སྙན་ཞུ་བཅས་ལ་བཟོ་བཅོས་གང་ལེགས་བྱས་ནས། ཁྲིམས་ལྟར་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། དེང་སྐབས་དཔལ་འབྱོར་འཕར་ཞིང་ཁེ་ལས་བརྟན་འཇགས་དང་བསྐྱར་འཕར་འབྱུང་བཞིན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་དེང་སྐབས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་། དཔལ་འབྱོར་འཕར་ཞིང་ཁེ་ལས་བརྟན་འཇགས་དང་བསྐྱར་འཕར་འབྱུང་བའི་རྣམ་པ་སྲ་བརྟན་དུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཧན་ཀྲིན་དང་སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལིའུ་ཧི། ཝེ་ཧྥིན་ཧི། ཝང་ཡུང་། ཝང་དབྱི། ཞོ་ཅེ། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས།

                                                                                                         བཀྲ་ཤིས་འབུམ་གྱིས་བསྒྱུར།