ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་ལ་འཚམས་འདྲི་བྱས།
2023.03.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་གསུམ་པའི་ཚེས་གཅིག་ཉིན་དང་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་འགོ་ཁྲིད་དེ། སྔ་གཞུག་ཏུ་ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གཉིས་ལ་འཚམས་འདྲི་བྱས་ནས། བྱ་བ་སྙན་ཞུ་དང་འབྲེལ་མཐུད་བྱས་པ་དང་། རྒྱབ་སྐྱོར་སྔར་ལས་ཆེན་པོ་བརྩོན་ལེན་བྱས། ནོར་སྲིད་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ལིའུ་ཁུན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རིན་ཀྲང་ཡུས་ཀྲའོ་དང་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྲོས་མོལ་ལ་ཞུགས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དུས་ཡུན་རིང་བོར་མཚོ་སྔོན་ལ་མཛུབ་སྟོན་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་གོང་འོག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པ། ཐོན་ལས་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། དམངས་ཚིས་ལེགས་སྒྱུར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་བཞིན་ཡོད། ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྔར་བཞིན་དུ་མཚོ་སྔོན་ལ་སེམས་ཁུར་བྱེད་པ་དང་། སྲིད་ཇུས་དང་ལས་གཞི། ཤེས་ལྡན་མི་སྣ། མ་དངུལ་སོགས་ཕྱོགས་ནས་མཛུབ་སྟོན་དང་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྔར་ལས་རོགས་འདེགས་བྱེད་རྒྱུའི་རེ་བ་བཅངས་ཡོད།

ལིའུ་ཁུན་དང་ཀྲང་ཡུས་ཀྲའོ་གཉིས་ཀྱིས་མཚོ་སྔོན་གྱི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། རྒྱབ་སྐྱོར་གྱི་རེ་འདུན་ཞུས་པའི་བྱ་བའི་ཐད་ནས་ལན་གསར་བོ་བཏབ། ཁོ་ཚོས་བསྟན་དོན། མཚོ་སྔོན་གྱི་རྒྱལ་ཡོངས་སྤྱིའི་གནས་བབ་ཁྲོད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་གོ་གནས་དང་རྒྱལ་ཁོངས་བདེ་འཇགས་ཀྱི་གོ་གནས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་ཀྱི་གོ་གནས་བཅས་ཧ་ཅང་གལ་ཆེ་བ་དང་། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་མདུན་ལྗོངས་ཧ་ཅང་རྒྱ་ཆེ། ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་འཕེལ་རྒྱས་ཀྱི་རེ་འདུན་ལ་བསམ་གཞིགས་གང་ལེགས་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།

ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་ལིའུ་ཁྲའོ་གཉིས་འཚམས་འདྲིར་ཞུགས།

རིན་ཆེན་མཚོས་བསྒྱུར།