སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་འཁོར་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཉིས་སྟོང་ཉེར་གསུམ་ལོའི་དཔྱིད་དུས་སློབ་སྐབས་མགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་རིམ་པ་སོ་སོའི་ཏང་གི་སློབ་གྲྭའི་བྱ་བ་སྒྲུབ་མཁན་དང་སློབ་མའི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཏང་གི་སློབ་གྲྭའི་ལས་དོན་གྱིས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་པའི་ཆབ་སྲིད་ལངས་གནས་ཡིན་པ་དང་། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་པས། ངེས་པར་དུ་ཏང་གི་དར་ཆ་དར་ཆ་རུ་བྱེད་པ་དང་ཏང་གི་འདོད་བློ་འདོད་བློ་རུ་བྱེད་པ། ཏང་གི་འགན་འཁྲི་འགན་འཁྲི་རུ་བྱེད་པ་བཅས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་པ་དང་། རང་རྟོགས་ཀྱིས་ཏང་གི་རླབས་ཆེན་ལས་དོན་གསར་པ་དང་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པའི་ཁྲོད་དུ་ངེས་གནས་གཏན་འཁེལ་གསལ་བོ་བྱེད་དགོས་པར་མ་ཟད། རང་རྟོགས་ཀྱིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་ཞེས་ནན་གྱིས་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སློབ་གྲྭ་ནི་ལས་བྱེད་པར་སློབ་གསོ་གཏོང་བ་དང་གསོ་སྦྱོང་བྱེད་པའི་གཡུལ་ས་གཙོ་བོ་ཡིན་པས། ངེས་པར་དུ་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་སྲིད་འཛིན་རྐང་འཛིན་པ་ཧུར་ཐག་གིས་སྐྱེད་སྲིང་བྱེད་དགོས་ཞེས་ནན་གྱིས་བསྟན། རིམ་པ་སོ་སོའི་ཏང་གི་སློབ་གྲྭའི་བྱ་བ་སྒྲུབ་མཁན་དང་སློབ་མ་རྣམས་ཀྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཕྱོགས་སོ་སོའི་བྱེད་ནུས་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ་ཏང་དང་མི་དམངས་ཀྱིས་བསྩལ་བའི་དུས་རབས་གསར་པའི་འགན་འཁྲི་ལས་འགན་ལག་བསྟར་བཟང་བོ་བྱེད་ངེས་ཡིན་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སློབ་གྲྭས་ཏང་གི་ཆེད་དུ་ཇུས་འབུལ་བྱེད་པའི་འགན་འཁྲི་གཙོ་བོ་ཁུར་ཡོད་པ་དང་། ཏང་གི་སློབ་གྲྭ་ནི་ཏང་གི་འདུ་ཤེས་འཛིན་སྟངས་བྱ་བའི་གཡུལ་ས་གཙོ་བོ་ཡིན་པས། ཏང་ལ་བློ་དཀར་བ་དང་མར་ཁེ་སི་རིང་ལུགས་ལ་དགའ་ཞེན་ཡོད་པའི་མིའི་ལག་ཏུ་འཛིན་དགོས་པ་དང་། ངེས་པར་དུ་སློབ་གྲྭ་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དང་སྤུས་ཚད་མཐོ་བའི་སློབ་གྲྭ་འཛུགས་རྒྱུ་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན།
ལྷ་མོ་ཚེ་རིང་གིས་བསྒྱུར།